西藏青年报藏文版གལ་ཆེའི་གསར་འགྱུར། ལོ་ཟླའི་ཆབ་རྒྱུན་ཁྲོད་ཀྱི་བདེ་སྐྱིད་གླུ་དབྱངས། བོད་རང་སྐྱོང་ལྗོངས་ཀྱི་ཐེངས་35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོའི་བྱེད་སྒོ་ལྷ་སར་འཚོགས་པ། ཀུ་ཤུ་ཆུང་ཆུང་། ཡོང་འབབ་ཆེན་པོ།

放大 缩小 默认

བོད་རང་སྐྱོང་ལྗོངས་ཀྱི་ཐེངས་35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོའི་བྱེད་སྒོ་ལྷ་སར་འཚོགས་པ།

“བློ་སེམས་གཅིག་བསྡུས་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མཐུན་སྒྲིལ་འབད་བརྩོན་གྱིས་མེས་རྒྱལ་མཛེས་མཉམ་འབྲི་བ།”ཟླ་9ཚེས་5ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་འགོ་འཛུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་60འཁོར་བ་དང་གསར་དུ་བཟོ་བཅོས་བརྒྱབ་པའི་《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུའི་སྲོལ་ཡིག》ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན། ད་ཐེངས་ཀྱི་བྱེད་སྒོ་ནི་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་ཤུགས་ཆེའི་ཆེད་དོན་ཚོགས་ཆུང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་ཞིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཧུར་ཐག་གཏོད་པའི་ཆེད་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་དང་དེ་བཞིན་ཞིང་འབྲོག་མང་ཚོགས། སློབ་མ། གྲྭ་བཙུན་འཐུས་མི་སོགས་མི་གྲངས300ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་། བོད་རིགས་ཞབས་བྲོའི《དར་རྒྱས་ཆེ་བའི་དུས་ཀྱི་སྤྲོ་གཞས་》ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བའི་བསམ་པའི་རྣམ་པ་མངོན་པ་དང་། གླུ་དབྱངས་《ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་སྐྲུན་པ》ཞེས་པའི་དབྱངས་འགྲོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་ཟབ་མོ་བརྒྱུད་སྤྲོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་གསར་རྩོམ་གྱི་འཁྲབ་སྟོན་ཐུང་ངུ《མཉམ་དུ་སེ་འབྲུ་དམར་པོའི་གཏམ་བཤད་པ》ཞེས་པའི་ཐོག་ནས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་སྐུལ་མ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད། ལེ་ཚན་སྣ་ཚོགས་ལ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

བྱེད་སྒོའི་བར་གསེང་དུ་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན་དེ་སྐད་ཅིག་ཉིད་དུ་ཡུལ་དངོས་སུ་ཁྱབ་པ་དང་ཚང་མས་ཧུར་བརྩོན་ཆེན་པོས་ལག་པ་ཡར་བཀྱགས་ནས་དྲི་བ་དྲིས་ལན་བཏབ་པརེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ད་དུང་མི་རིགས་མཐུན་སྒྲིལ་ཆེད་དོན་དམངས་ཕན་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་350ཐེངས་དང་པོར་སྤྲད་ཡོད།(སྐད་འཕྲིན་ཕྲན་གོ་རིམ་ཆུང་བའི“དགེ་ཕན་མང་པོ”ལ་དོ་ཁུར་བྱས་ན་ལེན་ཐུབ) ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་ནས་ཡོང་བའི་སློབ་མ་བསྟན་འཛིན་ཆོས་སྒྲོན་གྱིས་དྲིལ་བསྒྲགས་དངོས་རྫས་འབྱོར་མ་ཐག་དགའ་སྤྲོའི་ངང་“དེ་རིང་ང་ཚོའི་འཛིན་གྲྭར་སློབ་གྲོགས་20ལྷག་ཙམ་ཕེབས་ཡོད། དགེ་རྒན་གྱིས་ང་ཚོར་མི་རིགས་ཁག་གིས་སེ་འབྲུ་དང་འདྲ་བར་དམ་པོར་འཐམས་ནས་ང་ཚོ་ལོ་ཆུང་བྱིས་པ་རྣམས་མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་པ་བྱེད་དགོས”ཞེས་བཤད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ད་དུང་མི་རིགས་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་དང་སྐབས་བདུན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་པར་ལེན་དང་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དུས་མཉམ་དུ་སྤེལ་བ་རེད། གྲུབ་འབྲས་འགྲེམས་སྟོན་ཁུལ་དུ་འདྲ་པར་རེ་རེ་བཞིན་དུ་ཉེ་བའི་ལོ་ཤས་རིང་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན། རིག་གནས་རྒྱུན་འཛིན་སོགས་ཐད་ཀྱི་འཕེལ་རྒྱས་གྲུབ་འབྲས་གསལ་པོར་མཚོན་ཡོད། པར་ལེན་ཡིག་གཟུགས་འགྲེམས་སྟོན་ཁྲོད་བརྩམས་ཆོས་བརྒྱ་ལྷག་ཙམ་གྱིས་བརྙན་ཤེལ་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་སྐད་ཅིག་མ་གཏན་འཁེལ་བྱས་པ་དང་སྨྱུག་སྣག་ཐོག་ནས་སེམས་མཐུན་གཏམ་རྒྱུད་བྲིས་པས། འགྲེམས་སྟོན་ལ་ལྟ་བའི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། “འདྲ་པར་རྙིང་པ་དང་གྲུབ་འབྲས་གསར་པ་དེ་དག་ལ་བལྟས་ཚེ་བོད་ལྗོངས་ལ་འགྱུར་ལྡོག་ཇེ་ཆེར་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ཏུ་འགྲོ་བ་མངོན་གསལ་གྱིས་ཚོར་ཐུབ”ཞེས་རང་སྐྱོང་ལྗོངས་དམངས་དོན་ཨུ་ལྷན་གྱི་ལས་བྱེད་པ་བཀྲ་ཤིས་དོན་གྲུབ་ཀྱིས་མྱོང་ཚོར་ཆེན་པོས་བཤད་ཡོད།

འགོ་ཚུགས་མཛད་སྒོའི་བྱེད་སྒོ་མཇུག་སྒྲིལ་པ་དང་ཆབས་ཅིག སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་ནས་བོད་ཀྱི་ཐེངས་35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྣ་ཚོགས་ཁྱོན་ཡོངས་ནས་འགོ་བརྩམས་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明