ད་ལོ་ལོ་79ལ་སླེབས་པའི་ཚེ་རིང་སྒྲོལ་མ་ལྷ་སའི་སྡོད་ཁང་གསར་པའི་འབོལ་ཁྲིའི་ཐོག་བཞུགས་ཡོད་ཅིང་། དྲོ་འཇམ་ཉི་འོད་སྒེའུ་ཁུང་བརྒྱུད་ཁོང་གི་དུང་ལྟར་དཀར་བའི་དབུ་སྐྲར་འཕྲོས། ཁོང་གི་མིག་མདངས་ལས་མི་ཚེ་ཕྱེད་ཀ་ཙམ་དུས་རབས་དང་མཉམ་དུ་མདུན་སྐྱོད་བྱས་པའི་གཏམ་རྒྱུད་དག་མངོན་གྱི་ཡོད་ལ། ད་ཆ་གཏམ་རྒྱུད་དེ་དག་ལོ་ཟླའི་འཕེལ་འགྱུར་ཁྲོད་ཕྱིར་དྲན་བྱེད་རིན་ཡོད་པའི་འདས་དོན་རེ་རེར་གྱུར་ཡོད།
ཚེ་རིང་སྒྲོལ་མ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ནས་ཡིན་ཞིང་། ལོ་ན་ཆུང་དུས་ཁོང་རྫོང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་རྫས་འགྱུར་ཚོད་ལྟའི་ལག་རྩལ་སྦྱོང་བར་མངགས་པ་དང་། སློབ་མཇུག་བསྒྲིལ་རྗེས་སླར་ཡང་མཚོ་སྣ་རྫོང(ད་ལྟའི་མཚོ་སྣ་གྲོང་ཁྱེར)མི་དམངས་སྨན་ཁང་དུ་ལོ་གཉིས་རིང་སྦྱོང་བརྡར་བྱས། 1965ལོར་ཚེ་རིང་སྒྲོལ་མ་ལྷོ་ཁ་ས་ཁུལ(ད་ལྟའི་ལྷོ་ཁ་གྲོང་ཁྱེར)མི་དམངས་སྨན་ཁང་རྫས་འགྱུར་བརྟག་ཞིབ་ཁང་དུ་ལས་སྒྱུར་བྱས་རྗེས་དེ་གར་ཕྱག་ལས་ལོ་37གནང་བ་རེད།
ཐོག་མར་སྨན་ཁང་དུ་སླེབས་སྐབས་ཀྱི་ཆ་རྐྱེན་ད་ལྟ་དང་བསྡུར་ཐབས་མེད། འབུ་ཕྲ་གསོ་བར་ཡང་སྣུམ་སྒྲོན་དང་སྣུམ་ཐབ་ལ་བརྟེན་དགོས་པ་དང་། ནམ་གུང་དུ་ད་དུང་གློག་ཆད་ཀྱི་ཡོད་པས་སྣུམ་སྒྲོན་སྤོར་དགོས་སྟབས་སྨན་གོས་དཀར་པོར་རྟག་ཏུ་སྣུམ་གྱི་དྲི་མས་འཚོས་ཀྱི་ཡོད། ཕྱིས་སུ་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་མང་པོས་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཁྱེར་ཡོང་བས། འཁྱགས་ས་དཔྱིད་རླུང་གིས་དལ་གྱིས་དྲོས་པ་ལྟར་བྱུང་ཞིང་། ས་གནས་དེ་གའི་སྨན་བཅོས་ལས་དོན་པ་ཚོས་ཀྱང་སེམས་ཤུགས་ཆེན་པོས་སློབ་སྦྱོང་དང་ལས་ཀ་བྱས་པས། ལག་རྩལ་གསར་པ་དག་ས་མཐོར་རྩ་བ་ཚུགས་ནས་སྨན་ཁང་གི་སྨན་བཅོས་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད།
རྒན་ཡོལ་ཞུས་རྗེས་ཀྱི་ཚེ་རིང་སྒྲོལ་མ་ནི་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་ནང་གི་ཧུར་བརྩོན་ཅན་ཞིག་ཡིན་ཞིང་། ཁོང་གིས་སྒོར་གཞས་ཀྱི་དབྱངས་རྟ་དང་བསྟུན་ནས་སྟངས་སྟབས་ལང་ལིང་དུ་བསྒྱུར་གྱི་ཡོད་ལ། ལོ་ཟླའི་ཉམས་ཀྱིས་ཕྱུག་པའི་མཉམ་གཞས་ཀྱང་གཏོང་གི་ཡོད། 2024ལོར་ཚ་བོ་དང་ཚ་མོར་ལྟ་སྐྱོང་བྱ་ཆེད་ཁོང་ལྷ་སར་སྤོས་པས། སྣ་མང་ཕུན་སུམ་ཚོགས་པའི་མཉམ་སྡེབ་བྱེད་སྒོར་ཞུགས་ཉུང་དུ་ཕྱིན་མོད། འོན་ཀྱང་ཚ་བོ་དང་ཚ་མོ་གསོ་སྐྱོང་ལས་ལ་སྔར་བས་བྲེལ་བཞིན་ཡོད།
སྒེའུ་ཁུང་ཕྱི་རོལ་གྱི་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ལ་ལྟ་བཞིན། ཚེ་རིང་སྒྲོལ་མའི་མིག་མདངས་དང་སྔོན་ཆད་སྣུམ་སྒྲོན་འོག་གི་རེ་སྒུག་གཉིས་མཉམ་དུ་འདྲེས་ཤིང་། ཁོང་གིས“ང་ཚོའི་འཚོ་བ་ནི་ཡར་ཀླུང་གཙང་པོ་ལྟར་ཇི་ཙམ་རྒྱུག་ན་དེ་ཙམ་གྱིས་ཡངས་སུ་དང་དེ་ཙམ་གྱིས་དྲོ་སྐྱིད་ལྡན་པར་འགྱུར་ངེས་རེད”ཅེས་བཤད། ཁོང་གི་གཏམ་རྒྱུད་ལས་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་ཐུབ་ལ། ཕ་ཡུལ་རིམ་བཞིན་དར་རྒྱས་གོང་འཕེལ་བྱུང་བ་ཡང་མཚོན་ཐུབ།
པད་ཆོས་ཀྱིས་བསྒྱུར།