西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་། ༄༅། །སྟོན་ཟླ། ༄༅། །རིན་བྲལ་གྱི་ཚེ་སྲོག། བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི“རྨང་རྡོ”ལྟ་བུ་ཞིག་བྱེད་འདོད་ཡོད།

放大 缩小 默认

༄༅། །སྟོན་ཟླ།

□ 作者 ལྷ་བུ་སྐལ་བཟང་། ཚེ་རིང་ནོར་བུ།

ཆར་བཞུད་ཀྱི་སྨུག་རླངས་རི་མགུལ་ལ་ཡུགས་མཐུད་དུ་ཁེན་ཞིང་།

སྐྱ་རེངས་རྒྱས་པའི་རྟེན་འབྲེལ་གྱི་ཁ་གཡང་དང་ཆེས་ཉེ་བ་ནི།

འུར་རྡོའི་ཚག་སྐད་དང་བསྡོངས་པའི་ནོར་ནག་གི་ངུར་སྒྲ་རེད།

སྟོན་ཟླ།

འདི་ནི་སོ་ནམ་པའི་དུས་བཟང་ཡིན་ལ།

འདི་ནི་འབྲོག་སྡེའི་དཀར་བཅུད་ཀྱི་ལྷག་འཕྲོ་རུའང་བསྙད་ཆོག

ཡིན་ཏེ།

ས་མ་འབྲོག་གི་ང་ཚོར་མཚོན་ན།

སྟོན་ཟླ་ནི་འཆད་པར་དཀའ་བའི་ནམ་ཟླ་ཞིག་སྟེ།

ཨ་མས་རོང་འབྲོག་གི་ལམ་བུ་འཐག་བཞིན་འཐེན་ལ།

ཨ་ཕས་ཞིང་ས་དང་ཁང་ཁྱིམ་གྱི་ལོགས་སུ་འཇིག་རྟེན་འདིའི་ལམ་བུ་གསར་བ་ཞིག་བཏོད་ཀྱིན་བདོག

སྔར་ན།

ལགས་མ་ཆག་པའི་ང་རང་།

དྲན་པས་ཟིན་པའི་སྟོན་ཟླ་དེར།

ཞིང་ཐང་གི་ལོ་ཏོག་དག་སྒྲིབས་གོས་སུ་བྱས་ནས་ཨ་ཕར་བསྟན་བཤིག་བརྩེ་བ་དྲན་ལ།

ཨ་མའི་རྩིབ་ནས་ལྷེབ་གཅིག་ཏུ་འཁྲིགས་པའི་ཞོ་མངར་ལ་སྙིམ་པ་ཟེད་ནས་སྒུག་པའང་ལྷག་པར་དྲན།

དེ་དུས།

གཞུ་ལྟར་གུག་པའི་ཟོར་བ་དང་།

མདའ་ལྟར་འདྲོང་བའི་ཕ་མ་གཉིས་ཀྱིས།

སྤྱི་གཙུགས་ཀྱི་སྐྲ་ལོ་རླུང་གིས་བསླས་ཤིང་།

མཛེས་སྡུག་གི་ཞལ་རས་རྔུལ་ཆུས་འཁྲུ་བ་ཡིན་ཡང་།

བཀོར་རྡོ་དང་བཀོར་ཐག་འདྲ་བའི་སྣང་མེད་ཀྱི་བུ་ལོར།

ཅེས་ཀྱང་ཟོལ་དུ་མི་འགྲོ་བའི་མཚེམས་དཀར་གྱི་མཛེས་པ་དེ་ཡང་ཡང་ཕྱོགས་པར་བྱེད།

ད་སྐབས།

དཔྱད་གླེང་ལ་དགའ་བའི་ཕ་ཡུལ་ཞིག་ཡིད་ཀྱི་དྲན་པར་བཞུགས་ཀྱང་།

ལས་དབང་གི་བཀའ་བཙན་པའམ།

ལྟོ་རྒྱབས་གཉིས་དེ་འགངས་ཆེ་བས་སམ།

གང་ལྟར།

སྐྱེས་སའི་ཕ་ཡུལ་དང་གྱེས་ནས་མི་ཡུལ་གྱི་འཚོ་ཟས་འཚོལ་དུས།

ཕ་ཡུལ་ནི་ཁོ་བོས་ཀུན་ལ་ངོམས་ངོམས་བྱ་རྒྱུ་དེ་ཡིན་ཡང་།

འཚོ་བའི་སྒྲོགས་ཐག་གིས་བཅིངས་པའི་ང་རང་།

རང་དབང་གི་སྲབས་ཁ་ཤོར་ཟིན་པས།

འགྲུལ་བཞུད་སྣ་ཚོགས་ཀྱི་ཁྲོད་དུ།

སྐྱེ་བོ་དུ་མའི་ཕ་ཡུལ་ལ་ཐོན་པ་སྲིད་མོད།

ཡིན་ཡང་།

ལྟེ་ཁྲག་དྲོན་མོ་ས་ལ་འཐོར་ཅིང་།

དྲོད་འཇམ་མ་ནུ་ཁ་ལ་ལྡུག་པའི།

ངའི་མཛེས་སྡུག་གི་ཕ་ཡུལ་དེ།

མཚན་གུང་རྨི་ལམ་གྱི་འཁྲུལ་གཟུགས་སུ་བཞེངས་པ་ལས།

ནམ་ཐོན་འདི་ཐོན་གྱི་གདེང་ཞིག་ང་ལ་མེད་ཅིང་།

ད་སླེབས་ད་འདུག་ཟེར་བའི་དུས་ཤིག་ཀྱང་དཀའ་ཚད་དུ་སྣང་ཕྱིར།

གསེར་མདོག་གི་སྟོན་ཟླ་ཚེས་དུས།

ངས་ཕ་ཡུལ་གྱི་མཛེས་པ་རྣམས་ཡིད་ངོར་འཆར་ནུས་ལ།

དུས་ཀྱི་དེད་པའི་རི་མོའི་ངོས་སུ།

ཞིང་ནང་གི་ལོ་ཏོག་ཙམ་དུ་མ་ཟད།

ཡབ་ཡུམ་གཉིས་ཀྱང་སྙེ་རིས་དང་འདྲ་བའི་གཉེར་རིམ་སྟུག་ཅིང་།

ཟོར་བ་དང་འདྲ་བའི་གུག་ཆ་ཆགས་པའང་ཤེས་ཐུབ།

འོན་ཏེ།

དྲན་གདུང་གི་གསེར་སྐུད་ཕ་མར་མཐུད་ཀྱང་།

ང་རང་ད་དུང་རྒྱང་རིང་ལ་མཆིས་ན།

ཁྱེད་གཉིས།

ཁྱེད་གཉིས་ཀྱི་ངལ་ཡངས་ཐུབ་པའི་དུས་ཤིག་གང་ན་ཡོད།

འོ།

སྟེས་དབང་ནི་ཡ་མཚན་ཡོངས་ཀྱི་གྲོགས་བཟང་ལགས་པས།

ཁོ་བོའང་མྱུར་མོར་ཕ་ཡུལ་ལ་ཐོན་ཐུབ་པར་ཤོག

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明