འདས་ཟིན་པའི་སློབ་དུས་དེ་འགྲོ་ཧ་ཅང་མགྱོགས་པ་དང་། སློབ་དུས་གཅིག་བདེ་སྐྱིད་དང་ལྡན་པའི་ངང་ནས་མཇུག་བསྒྲིལ་སོང་། འདས་ཟིན་པའི་སློབ་དུས་དེ་ནི་ངའི་སློབ་འབྲིང་ལོ་གསུམ་ནང་གི་སློབ་དུས་དང་པོ་དེ་ཡིན་ལ། ང་རང་སློབ་ཆུང་ནས་ཐོན་ཏེ་སློབ་འབྲིང་ལ་གོམ་པ་སྤོ་བའི་འགོ་འཛུགས་དུས་ཀྱང་རེད།
འདས་ཟིན་པའི་སློབ་དུས་དེའི་ནང་ངས་སློབ་གྲོགས་གསར་པ་དང་དགེ་རྒན་གསར་པ། གྲོགས་མོ་གསར་པ་མང་པོ་ཞིག་ངོ་ཤེས་བྱུང་བས། དེ་ཚོ་མཉམ་དུ་ཧ་ཅང་སྐྱིད་པོ་བྱུང་། བྱམས་ཤིང་བརྩེ་བའི་དགེ་རྒན་དང་། མཐུན་ལམ་བཟང་བའི་སློབ་གྲོགས། འོ་ཆུ་གཅིག་འདྲེས་ལྟར་གྱི་གྲོགས་མོ་བཅས་ནི་ཁོར་ཡུག་གསར་པ་འདིའི་ནང་གི་ངའི་སྙིང་ཉེ་ཤོས་ཀྱི་མི་དག་རེད། ཁོང་ཚོ་ཡོད་པས་ང་ལ་ཁེར་རྐྱང་སྡུག་བསྔལ་མྱོང་མི་དགོས། ཁོང་ཚོ་ནི་ངའི་དགའ་བའི་དགའ་གྲོགས་ཡིན་ལ། སྐྱོ་བའི་སྐྱོ་རོགས་ཀྱང་ཡིན།
སློབ་གྲྭས་ང་ཚོར་ཐུན་མོང་དུ་སློབ་དཀྱིལ་ཡིག་ཚད་གཅིག་དང་སློབ་མཇུག་ཡིག་ཚད་གཅིག་བཏང་བྱུང་། སློབ་དཀྱིལ་ཡིག་ཚད་སྐབས་ང་རང་འཛིན་གྲྭའི་ནང་ནས་ཨང་བརྒྱད་པ་ཡིན་པ་དང་། འཛིན་གྲྭ་བཅུ་བདུན་གྱི་སློབ་མ་སྟོང་ཕྲག་ཁྲོད་ཨང་དྲུག་ཅུ་ཙམ་སླེབས་འདུག སློབ་མཇུག་ཡིག་ཚད་སྐབས་ང་རང་འཛིན་གྲྭའི་ནང་དུ་ཨང་དགུ་པ་དང་། ལོ་རིམ་ཡོངས་ནང་སྔོན་མ་ལས་ཨང་བཅུ་གསུམ་ཙམ་མར་ཆག་འདུག་པས། ངའི་ངོས་ནས་དོན་དག་དེ་ནི་སྐྱོ་དགོས་པ་ཞིག་ལོས་ཡིན།
སློབ་དུས་དེའི་ནང་ང་ཚོའི་འཛིན་བདག་གིས་གཟའ་མཇུག་གི་ངལ་གསོའི་སྐབས་ལ་འཛིན་གྲྭ་གསུམ་པ་དང་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་གཅིག་དང་ལག་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་གཅིག་བརྒྱབ་པ་དང་། རི་འཛེགས་ཀྱི་བྱེད་སྒོ་ཐེངས་མ་གཅིག་བཅས་སྒྲིག་འཛུགས་བྱས་སོང་བས་སློབ་མ་ཚང་མ་སྔར་ལས་འདྲིས་ཤིང་རྡོག་རྩ་གཅིག་སྒྲིལ་དུ་གྱུར་སོང་། སྤྱི་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན་སློབ་གྲྭས་ང་ཚོར་ཐག་འཐེན་འགྲན་བསྡུར་ཞིག་སྤེལ་བ་དང་། འགྲན་བསྡུར་ནང་ང་ཚོའི་འཛིན་གྲྭར་སློབ་ཁུལ་རྙིང་པར་ཡོད་པའི་ལོ་རིམ་བདུན་པའི་འཛིན་གྲྭ་ལྔ་ལས་ཨང་གཉིས་པ་ཐོབ་པས་དགེ་སློབ་ཚང་མ་དགའ་བ་འབུམ་གྱིས་མྱོས། ང་ཚོའི་ཁ་གཏད་ཡིན་པའི་འཛིན་གྲྭ་ལྔ་པའི་སློབ་མ་རྣམས་ནི་གཟུགས་སྟོབས་ཆེ་ལ་ཤུགས་ཀྱང་ཆེ་བས་ཁོང་ཚོ་ཐེངས་དེར་ཨང་དང་པོ་ཐོབ་པ་རེད།
ང་ཚོའི་འཛིན་བདག་ནི་འགན་འཁུར་ཅན་གྱི་དགེ་རྒན་ཞིག་ཡིན་པས། སློབ་དཀྱིལ་ཡིག་ཚད་དང་སློབ་མཇུག་ཡིག་ཚད་གཉིས་ཀའི་སྐབས་ང་ཚོའི་འཛིན་གྲྭའི་ཆ་སྙོམས་སྐར་གྲངས་དེ་འཛིན་གྲྭ་ཡོངས་ལས་གཟེངས་སུ་ཐོན་ཏེ་ཨང་དང་པོ་རག་པ་རེད། དགེ་རྒན་མང་ཆེ་བས་ང་ཚོའི་འཛིན་གྲྭའི་སློབ་མ་རྣམས་ཀྱི་ཧུར་བརྩོན་ལ་བསྟོད་པའི་མཐེབ་མོ་སྒྲེང་བཞིན་ཡོད། སློབ་མ་ཚོའི་སློབ་སྦྱོང་གི་རང་འགུལ་དང་འགྲན་རྩོད་ཀྱི་རྣམ་པ་ནི་འཛིན་གྲྭ་སུས་ཀྱང་བསྡུར་ཐབས་མེད་པས། ང་རང་འཛིན་གྲྭ་འདི་འདྲ་ཞིག་ཏུ་ཁེལ་བ་ནི་གོ་སྐབས་བཟང་པོ་ཞིག་ཐོབ་པ་རེད་བསམ་གྱི་འདུག
གོང་དུ་བཀོད་པ་དག་ནི་ངའི་འདས་ཟིན་པའི་སློབ་དུས་དེའི་ནང་ལྷག་པའི་གནས་ཚུལ་གལ་ཆེ་བ་འགའ་ཡིན། སློབ་དུས་རྗེས་མར་ང་ཚོས་སྲོལ་རྒྱུན་བཟང་པོ་འདིའི་རྒྱུན་བསྐྱངས་ནས་ཕུལ་བྱུང་གི་འཛིན་གྲྭའི་མཚན་སྙན་གཞན་ལ་མ་ཤོར་བ་བྱེད་ངེས་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།