སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ“ལོ་རྒྱུས་བློ་ལ་བརྟན་པོར་ངེས། བློ་སེམས་གཅིག་མཐུན་མཐའ་མཚམས་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
སྔ་དྲོའི་ཆུ་ཚོད་10པར། སྤུ་ཧྲེང་རྫོང་གི་ལས་རིགས་ཁག་ནས་ཡོང་བའི་ལས་བྱེད་པ་དང་མང་ཚོགས་200ལྷག་ཙམ་དང་མཐའ་སྲུང་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་རུ་བསྟར་འགྲིག་ཏེ། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》མཐོན་པོར་གྲགས་པ་དང་བསྟུན་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རྨ་བྱ་ཁ་འབབ་ཀྱི་ངོགས་སུ་དལ་བུར་བསྒྲེངས།
ལོ་74ལ་སླེབས་པའི་བོད་རིགས་ཏང་ཡོན་རྒན་གྲས་མཚམས་གཅོད་བུ་ཁྲིད་ཀྱི་མིག་ལ་མཆི་ཞག་འཁོར་བཞིན་དུ“སྤྱི་ཚོགས་རྙིང་པར་ཞིང་བྲན་ཚོས་མགོ་དགྱེ་ནས་མངའ་བདག་ལ་ལྟ་བའི་དབང་ཆ་ཡང་མེད། གུང་ཁྲན་ཏང་གིས་ང་ཚོ་ཁ་མཐོ་ཀེར་ཐུབ་པ་བཟོས་བྱུང་། ད་ཆ་ཕྲུ་གུ་ཚོ་སློབ་ཡོན་མི་དགོས་པར་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་། རྒན་རྒོན་ཚོར་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད་པས། འཚོ་བ་སྐྱིད་པོ་འདི་འདྲ་ཉལ་བའི་གཉིད་ལམ་དུའང་འཁོར་མྱོང་མེད”ཅེས་བཤད།
ཁོང་གིས་བརྗོད་པའི་གཏམ་རྒྱུད་ལས་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚང་མས་གསར་བརྗེའི་དྲན་ཤེས་དེ་མཐའ་བརྟན་མཐའ་སྲུང་གི་བསམ་པའི་སྒུལ་ཤུགས་སུ་གྱུར་བ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། གཞོན་ནུ་ཉེན་རྟོག་པ་ངག་དབང་རྒྱ་མཚོས“རྒན་མོའི་གཏམ་རྒྱུད་ལས་མཐའ་སྲུང་ནི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པ་ཙམ་མ་ཟད། དེ་བས་ཀྱང་མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
པད་ཆོས་ཀྱིས་བསྒྱུར།