西藏青年报藏文版གལ་ཆེའི་གསར་འགྱུར། ལང་ཚོར་བརྟེན་ནས་ལེགས་སྐྱེས་ཀྱི་གླུ་དབྱངས་བརྩམས། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྱབ་བསྒྲགས་སྤེལ་བ།

放大 缩小 默认

ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཤའོ་ལི་ཅ།

ལང་ཚོར་བརྟེན་ནས་ལེགས་སྐྱེས་ཀྱི་གླུ་དབྱངས་བརྩམས།

“རབ་རིབ་ཁྲོད་ཕ་ཡུལ་དྲན་མྱོང་མོད། འོན་ཀྱང་མངའ་རིས་ཀྱི་ས་ཆ་འདིར་བལྟས་ན། རང་ཉིད་ཐང་དཀར་རྒོད་པོ་ལྟར་ས་ཆ་འདིའི་མཁའ་དབྱིངས་སུ་གང་འདོད་ལྟར་འཕུར་ལྡིང་བྱེད་པའི་འདུན་པ་ཆེན་པོ་ཞིག་ཀྱང་འཆང་མྱོང་ཡོད། ཤང་ཤང་དུ་རྒྱུག་པའི་སེང་གེ་ཁ་འབབ་གཙང་པོ་དང་ས་གཞི་ཆེན་པོར་ལྷམ་ལྷམ་དུ་གྲགས་པའི་འབྲོག་གླུས་རང་ཉིད་ཀྱི་ཡིད་དབང་རབ་ཏུ་འཕྲོག་བྱུང”ཞེས་པའི་གཞས་ཚིག་དེ་དག་བྲིས་པ་ནས་བཟུང་། ཤའོ་ལི་ཅ་ཡི་སེམས་ནང་གི་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་སོང་ཡོད། ཁོང་གིས་ས་ཆ་དེར་རྩ་བ་ཚུགས་པ་དང་རང་ཉིད་ཀྱི་ནུས་ཤུགས་ཆུང་ངུ་སྐྱེས་སུ་ཕུལ་ནས་མངའ་རིས་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་བདེན་དཔང་བྱ་རྒྱུའི་སེམས་ཐག་བཅད།

ཤའོ་ལི་ཅ་ཡི་ངོས་ནས་བརྗོད་ན། མངའ་རིས་ནི་ཁོང་གིས་སྔོན་ཆད་ཡིད་སྨོན་བྱེད་སའི་ཐག་རིང་གི་ས་ཆ་ཞིག་ཡིན་ལ། ལང་ཚོའི་འཇོན་ཐང་ངོམས་སའི་ཕ་ཡུལ་གཉིས་པ་དེ་བས་ཀྱང་རེད།

2021ལོའི་ཟླ་བ་7པར། ཤའོ་ལི་ཅ་ཅང་ཤིས་ཀྲུང་ལུགས་གསོ་རིག་སློབ་ཆེན་རོལ་དབྱངས་སྨན་བཅོས་ཆེད་ལས་ནས་སློབ་མཐར་ཕྱིན་ཞིང་། ཁོང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་རྒྱུས་མངའ་ཆེ་བའི་སློབ་གྲྭ་དང་། ཕ་ཡུལ། གྲོགས་པོ་བཅས་དང་གྱེས་ཏེ་བོད་དུ་བསྐྱོད་པའི་མེ་འཁོར་ལ་བསྡད་ནས་མངའ་རིས་ས་ཁུལ་སྒར་རྫོང་རྒྱ་གྲམ་དམར་རྟགས་ཚོགས་པའི་དང་བླངས་ཞབས་ཞུའི་དཔུང་ཁག་ནང་ཞུགས་ནས་ལས་ཀ་བྱེད་འགོ་བརྩམས།

རྒྱུན་གཏན་གྱི་ལས་ཀ་ལེགས་པར་བསྒྲུབས་པ་དང་དུས་མཚུངས་ཁོང་གིས་ཚན་པའི་ལས་རོགས་དང་མཉམ་དུ་རིན་ཐང་སྒོར་ཁྲི་200ལྷག་ཙམ་རི་བའི་སྤྱི་ཚོགས་ཀྱི་གཅེས་སེམས་ཞལ་འདེབས་དངོས་ཟོག་དང་ལེན་བྱས་པ་མ་ཟད། སྒར་རྫོང་གི་ཤང་བཞི་དང་གྲོང་རྡལ་གཅིག་ཏུ་བསྐྱོད་དེ་དངོས་ཟོག་དག་དགོས་མཁོ་ཆེ་ཤོས་ཀྱི་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱས་པ་རེད། “མང་ཚོགས་ཀྱི་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་མཐོང་སྐབས། ངའི་ཐོག་མའི་བསམ་འདུན་སྔར་བས་བརྟན་དུ་ཕྱིན་སོང་། ངས་ངེས་པར་དུ་གནས་འདིར་ཅི་ཞིག་སྒྲུབ་པ་དང་ཅི་ཞིག་འཇོག་དགོས་པའི་བསམ་བློ་བཏང་བ་ཡིན”ཞེས་ཤའོ་ལི་ཅ་ཡིས་བཤད།

དང་བླངས་ཞབས་ཞུའི་ལམ་བུར་ཤའོ་ལི་ཅ་ཡིས་རང་ཉིད་ཀྱི་ཆེད་ལས་ཀྱི་ཁྱད་ཆོས་གང་ལེགས་སྤྱད་དེ་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། འབྲིང་རྒྱུགས་འཆར་ལ་ཉེ་བའི་སྐབས་སུ་ཤའོ་ལི་ཅ་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་གཉེར་བའི་ཡིག་རྒྱུགས་གྲ་སྒྲིག་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་རེད། ཁོང་གིས་རོལ་དབྱངས་སྨན་བཅོས་ཆེད་ལས་རྩལ་ནུས་སྤྱད་དེ་སྒར་རྫོང་སློབ་འབྲིང་དམའ་རིམ་ལོ་རིམ་གསུམ་པའི་སློབ་མ་160ལ་ཡིག་རྒྱུགས་གོང་གི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་དང་སེམས་པ་ལྷོད་དུ་བབ་པར་བྱས་པ་རེད།

“ངས་རོལ་དབྱངས་སྨན་བཅོས་ལ་རྒྱུས་མངའ་ལོན་ཐེངས་དང་པོ་ཡིན། གཅེན་པོའི་ཁྲིད་སྟོན་འོག་ངའི་སེམས་པ་རིམ་བཞིན་ལྷོད་དུ་ཕྱིན་སོང་། མ་འོངས་པར་ངས་ཀྱང་ཆེད་ལས་འདི་སྦྱོང་འདོད་འདུག”ཅེས་སྒར་རྫོང་སློབ་འབྲིང་གི་སློབ་མ་ཀུན་བཟང་གིས་བཤད།

“ང་རོལ་དབྱངས་ལ་དགའ་བ་མ་ཟད། རོལ་དབྱངས་ལ་བརྟེན་ནས་ཚང་མར་སྤྲོ་སྣང་སྦྱིན་རྒྱུར་དེ་བས་དགའ་པོ་ཡོད། རང་ཉིད་ཀྱི་བྱ་ཐབས་བརྒྱུད་མི་མང་པོ་ཞིག་ལ་དྲོ་སྐྱིད་ཚོར་ཐུབ་པའི་རེ་བ་ཡོད”ཅེས་ཤའོ་ལི་ཅ་ཡིས་གསར་འགོད་པར་བཤད།

ས་ཆ་འདིར་ཅི་ཞིག་འཇོག་ཐུབ་པ་བྱ་རྒྱུ་ནི་ཤའོ་ལི་ཅ་ཡིས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད། ཁོང་གིས་རང་ཉིད་ཀྱིས་ལྗོངས་ཕྱིའི་རྒྱ་གྲམ་དམར་རྟགས་ཚོགས་པར་སློབ་སྦྱོང་དང་ལས་ཀ་བྱས་པའི་ཉམས་མྱོང་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚན་པར་གཞོགས་འདེགས་ཞིབ་ཚགས་བྱས་ཏེ་2021ལོ་དང་། 2022ལོ། 2023ལོ་བཅས་ལ་རྒྱ་གྲམ་དམར་རྟགས་ཚོགས་པའི་འཕྲལ་སྡོམ་སྨན་བཅོས་སྲོག་སྐྱོབ་གསོ་སྦྱོང་འཛིན་གྲྭ་སྤེལ་བས། འཕྲལ་སྡོམ་སྨན་བཅོས་སྲོག་སྐྱོབ་དང་བླངས་པ་160ལྷག་ཙམ་དཔྱད་ཞིབ་བདེ་བླག་བྱུང་ནས་རྒྱ་གྲམ་དམར་རྟགས་ཚོགས་པའི་སྲོག་སྐྱོབ་པའི་ཐོབ་ཐང་ལག་ཁྱེར་རག་ནས། མངའ་རིས་ས་ཁུལ་གྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

2024ལོར་ཤའོ་ལི་ཅ་ཡི་དུས་ཡུན་ལོ་གསུམ་གྱི་དང་བླངས་པའི་འཚོ་བ་མཇུག་འགྲིལ་ཞིང་། དེའི་རིང་ཁོང་ལ་2021ལོ་ནས་2022ལོ་བར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་། 2022ལོར་རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཕུལ་བྱུང་དང་བླངས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

“དང་བླངས་ཞབས་ཞུའི་ལས་དོན་མཇུག་འགྲིལ་ནས་ཕ་ཡུལ་དུ་ལོག་རྗེས། ང་རང་མངའ་རིས་སུ་སྡོད་རིང་གི་འཚོ་བ་ཧ་ཅང་དྲན་པོ་འདུག་ལ། དེ་ནས་ཁ་གཏན་ནས་བྲལ་འདོད་མི་འདུག ནང་མི་དང་གྲོས་བསྡུར་བྱས་རྗེས་སླར་ཡང་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་ལོག་པ་ཡིན། གོམ་སྟབས་རྗེས་མར་ངས་བོད་ཀྱི་ཡིག་རྒྱུགས་ཁག་ལ་གྲ་སྒྲིག་ཨང་གསར་བྱས་ནས་ས་གཞི་དེར་རང་ཉིད་ཀྱི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཤའོ་ལི་ཅ་ཡིས་བཤད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明