གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ན་ངས་ཚིག་སྦྱོར་ལེགས་པའི་ཚོགས་ལ་བརྟེན་ནས་དགེ་རྒན་གྱི་བཀའ་དྲིན་ཚོར་བ་བྱ་ངེས། གལ་ཏེ་ང་རང་རི་མོ་བ་ཞིག་ཡིན་ན་ངས་པིར་གྱི་འཁྱུག་རྩལ་ལ་བརྟེན་ནས་དགེ་རྒན་གྱི་སྐུ་ངལ་རི་མོར་ཕབ་པར་བྱ་སྲིད། གལ་ཏེ་ང་རང་གླུ་བ་ཞིག་ཡིན་ན་ངས་གྲེ་འགྱུར་སྙན་མོའི་ལམ་ནས་དགེ་རྒན་ལ་དྲང་པོའི་ངང་གིས་བསྟོད་གླུ་གཅིག་འབུལ་ན་འདོད། ཡིན་ཡང་ང་ནི་སློབ་མ་ཕལ་པ་ཕལ་རྐྱང་ཞིག་ཡིན་པས་རྩོམ་ཉོག་ཅིག་གིས་ཡིག་འབྲུའི་བར་ནས་དགེ་རྒན་གྱི་བླ་མེད་གཤིས་རྒྱུད་མཚོན་པ་ལས་གཞན་གང་ཡང་མ་ནུས།
དྲང་པོར་བཤད་ན། དགེ་རྒན་ནི་ཧ་ཅང་གཟི་བརྗིད་ཆེ་ལ་ནུས་ཤུགས་ཆེ་བའི་སྐྱེས་བུ་དེ་ཡིན། དགེ་རྒན་ཡོད་པས་ན་གཞོན་མང་པོ་ཞིག་གིས་མི་ཚེ་ཤེས་མེད་ཀྱི་ཐང་སྟོང་དེར་ལུས་སུ་མ་བཅུག་པར་འཛམ་གླིང་གི་ཤེས་རིག་གི་ཞིང་ཁམས་སུ་ལྟད་མོར་ཁྲིད། བྱིས་པ་ཁྲི་འབུམ་གྱི་ལང་ཚོ་དུད་འགྲོ་དང་མཉམ་དུ་ཚར་དུ་མ་འཇུག་པར་ཤེས་རིག་གི་སྦྲང་རྩི་ཐུལ་བའི་སློབ་གླིང་འགྲིམས་ཏེ་ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོ་ངག་ཏུ་གྱེར། མདོར་ན་དགེ་རྒན་ཡོད་པས་འུ་ཅག་གི་མི་ཚེའི་ཁ་ཕྱོགས་ནོར་མི་སྲིད།
ང་རང་དགེ་རྒན་ལ་མོས་པའི་རྒྱུ་མཚན་ནི་དགེ་རྒན་ལ་ས་སྨྱུག་དང་འདྲ་བའི་གཞན་ཕན་གྱི་ལྷག་བསམ་དང་དགེ་རྒན་ལ་ས་སྨྱུག་དང་མཚུངས་པའི་རང་གཤིས་དེ་ཡོད་པས་ཡིན།
ང་རང་དགེ་རྒན་ལ་དད་པའི་རྒྱུ་རྐྱེན་ནི་དགེ་རྒན་ལ་རང་ལས་གཞན་གཅེས་དང་། དགེ་རྒན་ལ་སློབ་བུ་མང་པོ་སྐྱོང་བའི་དྭངས་གཙང་གི་ལྷད་མེད་སེམས་པ་ཞིག་ཡོད་པས་ཡིན།
ང་རང་དགེ་རྒན་ལ་གུས་རྒྱུ་རྐྱེན་ནི་དགེ་རྒན་ལ་ལྟོ་གོས་ཐད་སེམས་ཁྲལ་བྱེད་མི་དགོས་པའི་གླ་ཕོགས་ཡོད་པའི་མིན་པར། དགེ་རྒན་ལ་གསེར་དངུལ་གྱིས་མི་ཁུག་པའི་སྙིང་སྟོབས་བླ་མེད་ཅིག་ཡོད་པས་ཡིན།
ང་རང་དགེ་རྒན་ལ་བརྩི་རྐྱེན་ནི་དགེ་རྒན་ལ་རྒྱལ་ཁབ་ལས་བྱེད་པའི་ཐ་སྙད་གསོན་པོ་ཞིག་དབང་བའི་མིན་པར། དགེ་རྒན་ལ་མུན་སེལ་གྱི་སྒྲོན་མེ་དང་འདྲ་བའི་ཐོན་ནུས་ཁྱད་པར་བ་ཞིག་ཡོད་པས་ཡིན་ནོ། །