西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁ་བ་བབས་པའི་ཞོགས་པ། ༄༅། །ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན། ༄༅། །ང་ཡི་དགེ་རྒན། ༄༅། །འབྲོག་མོ་སྙིང་རྗེ་མོ།

放大 缩小 默认

༄༅། །ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན།

□ 作者 ཚེ་རིང་ཕུན་ཚོགས།

སློབ་གྲོགས་ཚོ། ཁྱེད་ཚོས་ཤེས་སམ། ངེད་ཚོའི་ཕ་མས་ང་ཚོ་རྒྱང་རིང་དུ་སློབ་གྲྭར་གཏོང་དོན་ནི། གུང་ཐང་སློབ་གཉེར་བསླབ་བྱ་ལས། ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོང་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་། །ཞེས་གསུངས་པ་ལྟར། ང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དང་སློབ་སྦྱོང་ལ་བརྩོན་རྒྱུ་དེ་རང་ལགས།

སློབ་གྲོགས་ཚོ། ཁྱེད་ཚོར། བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་ལ་གཞོལ་ཏེ། མ་འོངས་པར་དྲིན་ཆེན་ཕ་མ་རྣམ་གཉིས་ལྷན་དུ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུའི་བསམ་འདུན་ཡོད་དམ། གལ་ཏེ། ཁྱེད་ཚོར་འདི་ལྟའི་བསམ་འདུན་ནམ་ཡང་བརྗེད་མེད་དུ་མཆིས་ཚེ། ཁྱེད་ཚོས་དཀའ་སྤྱད་སྡུག་རུས་ཀྱིས། སྔར་བས་སློབ་ལ་བརྩོན་ཏེ་དགེ་རྒན་དང་ཕ་མའི་བཀའ་དྲིན་འཇལ་འདོད་ཀྱི་འདུན་མ་རང་སེམས་སུ་འཆར་ངེས། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ་ཡིན་པས། དེ་དག་ཐམས་ཅད་བསམ་འདུན་ཙམ་དུ་མ་བཞག་པར་ལག་ལེན་དངོས་ཀྱི་སྦྱོར་བར་བརྩོན་དགོས། དེ་ཕྱིར། ང་ཚོས་སྔར་བས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན་དགོས་ཨང་།

མི་ལུས་རིན་ཆེན་གསེར་ལས་དཀོན་ཅེས་གྲགས་པ་ལྟར། ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་ཅིང་། གསེར་དངུལ་ལོངས་སྤྱོད་གང་གིས་ཀྱང་ཉོ་ཐབས་བྲལ་བས། ང་ཚོས་དེ་ལ་གཅེས་སྐྱོང་དགོས། ཚེ་སྲོག་ནི་སྒྲོན་མེ་བཞིན་མཚར་སྡུག་ལྡན་ཡང་དྲག་ཆར་རླུང་འཚུབ་ཀྱི་འགལ་རྐྱེན་མང་བས་ནམ་ཡང་གཅེས་སྐྱོང་དགོས། ཚེ་སྲོག་ནི་ཤར་ཕྱོགས་ཀྱི་གངས་རིའི་རྩེ་ནས་དལ་བ་དལ་བུར་འཆར་བའི་ཚ་ཟེར་ཅན་བཞིན། མི་རྣམས་ལ་རེ་བའི་དྲོད་འཁོལ་དང་གསོན་ཤུགས་སྦྱིན། ཚེ་སྲོག་དང་བྲལ་ཚེ། ཡོད་ཚད་སྟོང་ཟིན་པས་འཇིགས་སྐྲག་དང་བློ་ཕམ་སྐྱེས་ངེས། འོན་ཀྱང་། ཚེ་སྲོག་དང་ལྡན་ཡང་། བྱ་ངན་སྤྱོད་ངན་གྱིས་དུས་ཚོད་བསྐྱལ་ཏེ་མི་ཚེ་སྟོང་ཟད་དུ་བཏང་ན། དེ་བས་ཀྱང་བློ་ཕམ་སྐྱེ་དགོས་ངེས་ཤིག་མ་ཡིན་ནམ།

བདེ་ཐང་ནི་ཀུན་གྱི་གཞི་མ་ཡིན་པས། ང་ཚོས་རང་རང་གི་ཚེ་སྲོག་ལ་བདག་གཅེས་བྱས་ཏེ་ལུས་སེམས་བདེ་ཐང་ཡོང་བ་བྱ་དགོས། ང་ཚོ་སློབ་མ་ཞིག་གི་ངོས་ནས་བརྗོད་ཀྱང་། ལུས་སེམས་གཉིས་ཀྱི་བདེ་ཐང་ལྷག་ཏུ་གལ་ཆེ་བས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བདེ་ཐང་ལ་སྣང་ཆེན་བྱ་དགོས།

གལ་ཏེ། ང་ཚོར་བདེ་ཐང་གི་ལུས་སེམས་ཤིག་མེད་ཚེ། སློབ་སྦྱོང་གི་དཀའ་ཚེགས་རིམ་བཞིན་མྱོང་དགོས་པ་དང་། འཚོ་བའི་དཀའ་སྡུག་སྣ་ཚོགས་ཀྱིས་ང་ཚོའི་ལུས་སེམས་གཙེས་ངེས་པས། ང་ཚོས་ནམ་ཡང་རང་གི་ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན་དགོས་ཤིང་། སློབ་སྦྱོང་དང་ལས་ཀར་གཡེང་སྟེ། ལུས་སེམས་ཀྱི་བདེ་ཐང་ཡལ་བར་དོར་ན། ཕ་མ་དང་དགེ་རྒན་སོགས་ཀྱི་བཀའ་དྲིན་འཇལ་ཐུབ་རྒྱུ་ལྟ་ཅི། སེམས་ཁྲལ་འཕར་མ་བཟོ་ངེས་པས། ང་ཚོས་སྔར་བས་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱ་དགོས། འདི་ནི་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྟངས་རྨད་དུ་བྱུང་བ་ཞིག་ཡིན་ངེས་པས། ཚེ་སྲོག་དོན་མེད་དུ་འཕྲོ་བརླག་མི་གཏོང་བའི་སླད་དུ་ང་ཚོས་སྔར་བས་རང་དགོས་ཤེས་བྱའི་གནས་ལ་འབད་དགོས་ཨང་། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༡༤)

ཟུར་ཁྲིད་དགེ་རྒན། ཟླ་བ་ལྷ་མོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明