西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁ་བ་བབས་པའི་ཞོགས་པ། ༄༅། །ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན། ༄༅། །ང་ཡི་དགེ་རྒན། ༄༅། །འབྲོག་མོ་སྙིང་རྗེ་མོ།

放大 缩小 默认

༄༅། །ཁ་བ་བབས་པའི་ཞོགས་པ།

□ 作者 ཟླ་བ་ཚེ་འཛོམས།

ཉིན་དེའི་ཞོགས་པར་ང་སྔ་པོ་ནས་གཉིད་ལས་སད་པ་དང་། ངས་ཉལ་ཁྲིའི་མཚམས་ཀྱི་ཁ་པར་བསྙབས་ཏེ་ཆུ་ཚོད་དུ་ཡིན་བལྟས་པ་ན་ཆུ་ཚོད་བཞི་པ་ཙམ་རེད་འདུག །ངའི་སེམས་ནང་དུ་ད་ལྟ་ཆུ་ཚོད་སྔ་པོ་ཡིན་པས་གཉིད་ཏོག་ཙམ་ཁུག་རྒྱུ་ཡོད་སྙམ་ཏེ་བློ་བདེ་པོའི་ངང་ཡང་བསྐྱར་གཉིད་ཁུག །སྟབས་མ་ལེགས་པ་ཞིག་ལ། གཉིད་ཁུག་ཡུན་རིང་དྲགས་ཏེ་སླར་ཡང་གཉིད་ལས་སད་སྐབས། ཆུ་ཚོད་བདུན་དང་སྐར་མ་བཅོ་ལྔ་རེད་འདུག །ངས་སློབ་གྲྭར་རྗེས་ལུས་ཐེབས་བཞག་ཅེས་སྐད་ཆེན་པོ་ཤོར།

ང་རང་མགྱོགས་པོ་ཡར་ལངས་ཏེ་ངོ་ཆུ་ལ་བསུབས་ཙམ་བྱས་པ་དང་། སྐྲ་ཡང་མ་ཤད་ཅིང་ཞོགས་ཟས་ཀྱང་ཟ་ལོང་མ་བྱུང་བར་སློབ་གྲྭར་འགྲོ་བའི་ལམ་དུ་ཞུགས། ངའི་སེམས་ནི་དངངས་སྐྲག་གིས་ཁེངས་ཤིང་། མིག་ནང་ཚང་མ་མིག་ཆུས་གང་། སེམས་སུ་རྒན་ལགས་ཀྱིས་གཤེ་གཤེ་གཏོང་བའི་རྣམ་པ་ཡང་ཡང་འཁོར། ལམ་བར་དུ་ཁ་བ་ལྷབ་ལྷབ་ཏུ་འབབ་པས་རང་ལ་སྐྱོ་རོགས་ཤིག་ཡོད་པའི་སྣང་བ་སྐྱེས་ཤིང་སེམས་པ་ཡང་ཅུང་ལྷོད་དུ་སོང་།

སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་སླེབས་ལ་ཉེ་བ་ན། སྒོ་སྲུང་དགེ་རྒན་གྱིས་སྐད་ཆེན་པོའི་ངང“མགྱོགས་པོ་ཤོག །སློབ་གྲྭ་རྗེས་ལུས་ཐེབས་བཞག”གསུང་། ངས་མིག་ཆུ་ཕུ་ཐུང་གིས་ཕྱིས་ནས་སློབ་གྲྭའི་རྒྱལ་སྒོ་ལས་འཛུལ་བ་དང་། སློབ་ཁང་གི་ལྕགས་སྒོ་ཤུགས་ཆུང་ཆུང་གིས་ཐེངས་གསུམ་བརྡུངས། སྒོ་ཕྱེས་རྗེས་སློབ་མ་ཆ་ཚང་གིས་ང་ལ་ཁྲེལ་དགོད་བྱེད། ངས་ཅོག་ཙེའི་ནང་ནས་ས་ཁམས་ཀྱི་སློབ་དེབ་དེ་ཡར་བླངས་ཏེ་སློབ་ཚན་ཉན། རྒན་ལགས་ཀྱིས་ང་ལ་བཀའ་བཀྱོན་གནང་མ་བྱུང་། ཡིན་ན་ཡང་ངའི་སེམས་ལ་བློ་བདེ་པོ་དེ་ཙམ་མ་བྱུང་།

སློབ་ཚན་གྲོལ་རྗེས། ངས་སྒེའུ་ཁུང་འགྲམ་དུ་བསྡད་དེ་ལྷོད་ལྷོད་ཀྱིས་ཁ་བའི་ཡུལ་ལྗོངས་ལ་ཐེངས་ཤིག་བལྟས་ཤིང་། འབྲི་རུ་རྫོང་ནི་ངོ་མ་དངུལ་དཀར་གྱི་བཀླུབས་པའི་རབ་མཛེས་ཀྱི་འཇིག་རྟེན་ཞིག་ཏུ་གྱུར་འདུག །མཐའ་འཁོར་གྱི་རི་ཚོགས་རྣམས་རབ་དཀར་གྱི་གོས་དཀར་ཞིག་གྱོན་པ་ལྟར་སྐྱ་ཐིང་ངེར་གནས།

ང་རང་སློབ་ཁང་ལས་དོན་ཏེ་སློབ་གྲྭའི་ར་བའི་ནང་དུ་བསྐྱོད་པ་དང་། དེ་རུ་ཤིན་ཏུ་སྐྱིད་པའི་སྣང་ཚུལ་ཞིག་མཐོང་རྒྱུ་འདུག་པ་ནི། སློབ་མ་ཚང་མས་ཁ་བའི་ཐོག་ཏུ་ཕན་ཚུན་འདེད་རེས་བྱས་ཏེ་སྤྲོ་ སྣང་ལྡན་པའི་ངང་རྩེད་མོ་རྩེ་བཞིན་པ་དེ་རེད། ངའི་སེམས་སུ་ཁ་བ་བབས་པའི་ཡུལ་ལྗོངས་ནི་དེ་ འདྲའི་བརྗིད་ཉམས་དང་མཛེས་སྡུག་གིས་ཕྱུག་པ་ཞིག་རེད་ཨང་སྙམ་བྱུང་། སྐབས་དེར། ངའི་སེམས་སུ་ད་གིན་གྱི་དངངས་སྐྲག་དང་ཞེད་སྣང་ཡོད་ཚད་འཇའ་ཚོན་ལྟར་ཡལ་ནས་ཤུལ་ཙམ་ཡང་མེད་པར་གྱུར། ཨེ་མ། ཁ་བ་བབས་པའི་ཞོགས་པ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明