西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁ་བ་བབས་པའི་ཞོགས་པ། ༄༅། །ཚེ་སྲོག་ལ་གཅེས་ཏེ་སློབ་ལ་བརྩོན། ༄༅། །ང་ཡི་དགེ་རྒན། ༄༅། །འབྲོག་མོ་སྙིང་རྗེ་མོ།

放大 缩小 默认

༄༅། །འབྲོག་མོ་སྙིང་རྗེ་མོ།

□ 作者 གར་བློ་བཟང་རྡོ་རྗེ།

བེམ་རོའི་མི་ལུས་གཡར་མ། །ཉི་མ་ལྷ་སར་ཡོད་ཀྱང་། །

ཡིད་ཀྱི་དུང་བའི་མཚོ་མོ། །ཕ་ཡུལ་གཞུང་ན་ལུས་ཡོད། །

བར་སྐོར་གླིང་གི་བུ་མོ། །ཞལ་རས་དུང་ཟླ་འདྲ་བ། །

ཡིད་ཀྱི་དྲན་པའི་ཀློང་ན། །ཞལ་དཀར་མཛེས་མ་མ་རེད། །

ཕ་ས་འབྲོག་གི་ཀློང་ན། །གཡང་དཀར་ལུག་ཁྱུ་འཚོ་བའི། །

རྒྱ་གར་རྨ་བྱ་འདྲ་བའི། །ཨ་ཅེ་འབྲོག་མོ་དྲན་བྱུང་། །

རྒྱུ་སྐར་སྟོང་གི་དཀྱིལ་ན། །ཉི་མ་འདྲ་བ་མི་འདུག །

བུ་མོ་སྟོང་གི་དཀྱིལ་ན། །ཁྱེད་རང་འདྲ་བ་མི་འདུག །

ཁྱེད་ནི་རི་ལ་གཏད་པའི། །ལྷ་ལྕམ་སྒྲོན་མ་ཡིན་སོང་། །

ནིའུ་གསིང་སྤང་ལ་གཏད་པའི། །སེར་ཆེན་མེ་ཏོག་ཡིན་སོང་། །

མིག་དཀྱུས་རྣ་བར་འཐེན་སོང་། །སྤྱན་ཟུང་གཟི་དང་འདྲ་སོང་། །

སོ་དཀར་དུང་དང་འདྲ་བ། །ལྷ་མོ་ས་ལ་འཕོས་འདྲ། །

སྤང་སྟེང་གཡང་དཀར་ལུག་ཁྱུ། །ནམ་མཁའི་སྐར་ཆེན་འདྲ་བ། །

དེ་ཡི་ཕྱུགས་སྐྱོང་རྫི་མོ། །རྒྱུ་སྐར་རྒྱལ་པོ་འདྲ་འོ། །

རི་མགོར་ལྭ་བ་ཁྲ་ཆིལ། །དྲི་བཞོན་དགའ་བས་རེག་ཚེ། །

གཡས་ལྡིང་གཡོན་ལྡིང་གར་དེ། །རྨ་བྱས་སྒྲོ་གུར་ཕུབ་འདྲ། །

རྫི་གླུ་སྙན་མོ་རེ་རེ། །སྤང་ལྗོངས་ཀློང་ནས་གྱེར་དུས། །

རྫི་མོ་གྲེ་འགྱུར་བདེ་མོ། །ཚངས་སྲས་ཨེ་ཡིན་བསམ་བྱུང་། །

ཕ་ཡི་ཡིད་ཀྱི་དམན་ཆུང་། །ཁ་སེམས་དུང་དཀར་གཡས་འཁྱིལ། །

མ་ཡི་མིག་གི་མཛེས་མ། །སི་ཏཱ་སྒེག་མ་ཡིན་སོང་། །

སྡེ་ཆེན་གྲོང་ན་བརྒྱུད་དུས། །ཕོ་བརྒྱའི་སེམས་པ་འཕྲོག་སོང་། །

གཡང་དཀར་རི་ལ་འཚོ་དུས། །ལྷ་མོའི་ཡིད་དབང་འཕྲོག་སོང་། །

དབྱར་གྱི་གཡུ་ཡི་སྤང་ཐང་། །མེ་ཏོག་དམར་སེར་འཐུ་མཁན། །

ལྡེམ་མྱུར་འགྲོས་ཀྱི་འགྲོ་བ། །བྱིའུ་ཆུང་འཇོལ་མོའི་དོ་ཟླ། །

མཐའ་ཡས་རྩྭ་ཐང་སྟེང་ན། །མཐིང་སྨུག་སྦྲ་ཡི་ནང་ནས། །

མ་ཎིའི་གདངས་དབྱངས་གྱེར་བའི། །སྒྲོན་མ་གསུང་བྱོན་འདྲ་བྱུང་། །

ཡིད་ཀྱི་བརྟེན་ས་ཕ་ས། །ལུས་ཀྱི་གནས་ས་གཞན་ཡུལ། །

མི་རྟག་མི་ལུས་སོང་ཡང་། །དྲན་པ་འབྲོག་མོར་ལུས་ཡོད། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明