西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྭངས་གཙང་གི་སེམས་ཁམས། ཁྱེད་གང་དུ་ཡོད།  ༄༅། །དྲན་གསོའི་རི་མོ། ༄༅། །སློབ་གཉེར་དང་ཕུགས་བསམ།

放大 缩小 默认

༄༅། །དྲན་གསོའི་རི་མོ།

□ 作者 རྡོ་རྗེ་དོན་གྲུབ།

དུས་ཚོད་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་བདག་གི་བསམ་པ་དང་གཟུགས་སྟོབས་ནི་གསར་དུ་འབུས་པའི་མྱུ་གུ་ཞིག་དང་འདྲ་བར་འཚོ་བའི་ཆར་རླུང་གི་ཁྲོད་ནས་ལེགས་ཉེས་བླང་དོར་གྱི་ཉམས་མྱོང་གསོག་བཞིན་འཚར་ལོངས་བྱུང་།

དེ་ཡང་ང་རང་གསར་དུ་སློབ་གཉེར་དུ་འགྲོ་བའི་དུས་དེ་མིག་ལམ་དུ་འཆར་ཐེངས་རེར། བདག་གི་སེམས་སུ་ཨ་ལ་ལ། དུས་ཚོད་ནི་བྱང་རྩྭ་ཐང་སྟེང་གི་རྟ་ཕོ་དང་འདྲ་བར་རང་གི་རྒྱུགས་རྩལ་ལེགས་པར་ངོམས་པའི་ཆེད་དུ་ལེ་དབར་སྟོང་གི་ལམ་སྟེང་ཡར་རྒྱུག་མར་རྒྱུག་བྱེད། འདི་ཡིས་ང་ཚོར་སློབ་གཉེར་དུས་སུ་བྱེད་པའི་དྲིལ་བརྡ་གཏོང་བ་དང་ཅི་མི་འདྲ།

ཁ་སང་རྩྭ་ཐང་ཐོག་ནོར་ལུག་འཚོ་བར་འགྲོ་བའི་བྱིས་པ་ཆུང་ཆུང་དེའི་རྣམ་པ་སེམས་སུ་གཟུགས་བརྙན་བཞིན་འཆར་ལ། བཅུ་དྲུག་ལང་ཚོས་ཕྱུག་པའི་གཞོན་ནུ་ཁོ་བོ་ད་ལྟ་སློབ་མ་གཞན་དང་འདྲ་བར་སློབ་གྲྭའི་འཚོ་བར་རོལ་བཞིན་མཆིས། དུས་ཚོད་ཀྱི་རྟ་ཕོས་སྐད་ཅིག་ཉིད་ལ་ན་ཆུང་བྱིས་པའི་ འཚོ་བ་ནས་རིམ་བཞིན་ཤ་དར་ཁྲག་དར་གྱི་གཞོན་ནུའི་ལང་ཚོའི་ཕྱོགས་སུ་ཁྲིད། ཧ་ཅང་མགྱོགས་པའི་དུས་ཚོད་ཀྱི་རྟ་ཕོ་ལས་ཕྱིར་མིག་ཐེངས་ཤིག་འཕངས་ཚེ། སེམས་སྡུག་གིས་མནར་བའི་ལོ་རིམ་བཞི་པའི་སྐབས་ཀྱི་གནས་ཚུལ་ཞིག་ཡིད་ལ་ཝ་ལེར་འཆར་ཡོང་། ཐེངས་ཤིག་བདག་གི་ཡུམ་ཆེན་ནད་ཚབས་ཆེན་ཞིག་ཕོག་སྟེ། ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་དུ་བརྟག་དཔྱད་ལ་མ་འགྲོ་རང་འགྲོ་ཁེལ་བས་ཟླ་བ་གཉིས་ཙམ་ཞིག་ང་དང་ཁ་བྲལ་དགོས་བྱུང་། སློབ་གྲྭའི་སྒྲིག་སྲོལ་ལ་གཟའ་ཉི་མར་སློབ་མ་རང་རང་གི་ཁྱིམ་བདག་ཁྲིད་རྒྱུ་ཡོད་ན། དགོངས་པ་ཞུས་ནས་སློབ་གྲྭའི་ཕྱི་རུ་ཉིན་གཅིག་བསྐྱོད་ཆོག་ཅིང་། སློབ་སྦྱོང་ཡོ་ཆས་དང་གྱོན་གོས་སོགས་མཁོ་ཆས་ཉོ་སྒྲུབ་དང་སྒེར་གྱི་གཙང་སྦྲ་སོགས་ཀྱང་བྱས་ཆོག །འོན་ཀྱང་བདག་གི་ཨ་ཕ་ལྷ་སར་སོང་བའི་རྐྱེན་གྱིས་ཟླ་བ་གཉིས་མ་ཟིན་ཙམ་གཟའ་ཉི་མར་རིམ་བཞིན་ང་རང་སློབ་གྲྭའི་ནང་དུ་མ་བསྡད་རང་བསྡད་བྱུང་བས། མགོ་ཡི་སྐྲ་ལོ་ཡང་རིང་ནས་རིང་དུ་སོང་ཞིང་འཚོ་བའི་ཁྲོད་དུའང་སེམས་མི་སྤྲོ་བའི་གནས་ཚུལ་མང་པོ་འཕྲད།

ཡིན་ཡང་བདག་གི་རྒྱ་ཡིག་དགེ་རྒན་ཁོང་ནི་སློབ་ཁྲིད་ལ་མཁས་པའི་བཤེས་གཉེན་ཞིག་ཡིན་པས། ང་ཚོའི་འཛིན་གྲྭའི་རྒྱ་ཡིག་ཡིག་རྒྱུགས་ནི་དུས་ནམ་ཡང་མདུན་གྲལ་དུ་སླེབས་པ་མ་ཟད། ཁོང་ཉིད་སློབ་མ་ལ་ཤིན་ཏུ་བྱམས་པའི་དགེ་རྒན་ཞིག་ཡིན། གཟའ་ཟླ་བའི་ཉིན་ཞིག་ཁོང་གི་སྤྱན་ཟུང་གིས་ངའི་སྐྲ་ལོ་རིག་ནས་བདག་ལ་ཁྱོད་སྐྲ་ལོ་རིང་པོ་འདི་མི་གཞར་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་གནང་བས། ངས་འུ་ཐུག་ཐབས་ཟད་ཀྱིས་རང་གི་གནས་ཚུལ་རྣམས་ཇི་བཞིན་མ་བཤད་ཐབས་མེད་བྱུང་།

སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་རྗེས། རྒན་ལགས་ཀྱིས་ཕྱག་རོགས་འོག་ང་རང་སྐྲ་ཁང་དུ་སྐྲ་ གཞར་བར་ཁྲིད་བྱུང་། བདག་གི་སེམས་ལ་སྔ་ན་མེད་པའི་དྲོ་སྐྱིད་ཞིག་གིས་མིང་ཀོང་བརླན་པར་བྱས། དེ་ཡང་གནས་ཚུལ་ཆུང་ཆུང་འདི་འདྲ་ཞིག་ཡིན་ཡང་ང་རང་སེམས་འགུལ་ཆེན་པོ་ཐེབས། གཟའ་འཁོར་གཞུག་མར་བདག་གི་ཡབ་ཆེན་སློབ་གྲྭ་རུ་ང་རང་ལ་ལྟ་བར་ཕེབས་འདུག །དུས་དེར་བདག་གི་སེམས་ཧ་ཅང་དགའ་པོ་བྱུང་།

དེ་དུས་ངས་དགེ་རྒན་གྱི་བཀའ་དྲིན་ཚོར་ལ། ཕ་མ་གམ་ན་མེད་སྐབས་རང་ཉིད་བརྟེན་ས་ཅི་ཡང་མེད་པའི་སྡུག་བསྔལ་དང་། ཕ་མ་དང་མཉམ་དུ་འཛོམས་པའི་དགའ་ཚོར་བཅས་རེ་སྡུག་རེ་སྐྱིད་ ཀྱི་ཚོར་བ་སྣ་ཚོགས་ཉམས་སུ་མྱོང་ཐུབ་པ་བྱུང་།

ད་ལྟ་ང་རང་མུ་མཐུད་དུས་ཚོད་ཀྱི་རྟ་ཕོར་བཅིབས་ནས་སློབ་སྦྱོང་ལ་འབད་པ་དང་། དགེ་རྒན་གྱི་དཀའ་ངལ་ཆུད་ཟོས་མི་གཏོང་ཞིང་། ཕ་མའི་བཀའ་དྲིན་གཞལ་བའི་ཕུགས་རེ་འཆང་བཞིན་ཡོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明