西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྭངས་གཙང་གི་སེམས་ཁམས། ཁྱེད་གང་དུ་ཡོད།  ༄༅། །དྲན་གསོའི་རི་མོ། ༄༅། །སློབ་གཉེར་དང་ཕུགས་བསམ།

放大 缩小 默认

༄༅། །སློབ་གཉེར་དང་ཕུགས་བསམ།

□ 作者 ངག་དབང་ཚེ་དབང་།

ཇི་སྐད་དུ། བུ་ཆུང་ང་ཡི་སྐྱེས་ཡུལ། །ཁང་པ་གྲུ་བཞིའི་ནང་ཡིན། །ཕ་མ་བྱམས་སེམས་ཅན་གྱིས། །རིག་གནས་སྦྱོང་བར་བཏང་བྱུང་། །ཕུགས་བསམ་ནི་ཧྥེ་གླིང་བྱེ་ཐང་སྟེང་གི་ཆུ་ཡི་རྩ་བ་ཡིན་ལ། ཕུགས་བསམ་ནི་མུན་ནག་འཇིག་རྟེན་ཁྲོད་ཀྱི་རྟ་བདུན་དབང་པོ་ཡང་ཡིན། ཕུགས་བསམ་ནི་སྤྲང་པོ་ཕྱུག་པོར་འགྱུར་བའི་ལམ་བུ་ཡིན་ལ། དེ་བས་ཀྱང་ཕུགས་བསམ་ནི་བླུན་པོ་མཁས་པར་འགྱུར་བའི་དངོས་རྟགས་ཡིན། དེ་ཡང་སློབ་གཉེར་ནི་ཕུགས་བསམ་མངོན་གྱུར་ཡོང་བའི་སྐས་འཛེག་དང་གཉིས་སུ་མེད།

བློ་གསལ་ཤེས་འདོད་སློབ་དཔོན་རྟེན། ཞེས་པ་ལྟར་སློབ་གཉེར་གྱི་དང་པོ་བཤེས་གཉེན་ལ་གུས་དགོས་པ་ཐེ་ཚོམ་སྤུ་ཙམ་མེད་པ་ཚང་མས་ཤེས་གསལ་རེད། གཏམ་དཔེ་ལ་ཡང་། ཉིན་གཅིག་གི་དགེ་རྒན་ནི་མི་ཚེ་གཅིག་གི་ཕ་མ་ཡིན། ཞེས་པའི་བཤད་སྲོལ་ཡང་ཡོད། དེར་བརྟེན། དུས་དང་རྣམ་པ་ཀུན་དུ་དགེ་རྒན་ལ་གུས་དགོས་པ་ནི་སློབ་གཉེར་ལམ་བུའི་སྟེང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད་ཨང་། དེ་ཡང་སློབ་གཉེར་གྱི་ལམ་བུའི་སྟེང་དུ་དཀའ་ངལ་སྣ་ཚོགས་འཕྲད་སྲིད་པ་ནི་འཇིག་རྟེན་མི་ཚེའི་ཆོས་ཉིད་དེ་སྐྱིད་གསུམ་སྡུག་གསུམ་ཡིན། མདུན་ཕྱོགས་སུ་དྲག་ཆར་འབབ་སྲིད། མདུན་ཕྱོགས་སུ་འབྲུག་སྒྲ་སྒྲོགས་སྲིད། ཡིན་ན་ཡང་། ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་སླད་ཕྱིན་དཀའ་ངལ་ལས་རྣམ་པར་རྒྱལ་དགོས་ཏེ། རེ་བ་ཡི་ཕུགས་བསམ་གྱི་རྟ་བདུན་དབང་པོ་མི་ཚེ་ཡི་མཁའ་དབྱིངས་སུ་ངེས་པར་འཆར་སྲིད།

མཁས་དབང་དམུ་དགེ་བསམ་གཏན་གྱིས་གསུངས་པ་ལྟར། ཤ་དར་ཁྲག་དར་དུས་སུ། །ཡོན་ཏན་ནོར་བུ་སྦྱོང་དགོས། །ཞེས་པ་ལྟར་ན་སོ་གཞོན་དུས་ནི་མི་ཞིག་གི་ངར་ཤུགས་འཛོམས་ཤོས་ཀྱི་དུས་ཚོད་ཡིན་ལ། ཆེས་བློ་རིག་བཀྲ་ཤོས་ཀྱི་དུས་ཚོད་ཅིག་ཀྱང་ཡིན། དེ་ཡང་ཤ་དར་ཁྲག་དར་གྱི་དུས་སུ་རིག་གནས་མ་སྦྱངས་ན་བླ་མ་ཡོད་དུས་ཆོས་མ་ཞུས་པ་དང་མཚུངས་ཏེ་སྙིང་པོ་སྤུ་ཙམ་ཡང་མེད་པ་ལྟ་ཅི། མི་ཚེའི་རིན་ཐང་མེད་ལ་མི་ཚེའི་དོན་སྙིང་ཡང་དེ་བས་མངོན་འགྱུར་ཡོང་མི་སྲིད།

ང་རང་སློབ་གྲྭ་ཐོན་ལ་ཉེ་བའི་མཐོ་འབྲིང་སློབ་ཐོན་སློབ་མ་ཞིག་གི་ངོས་ནས་བརྗོད་ན། སློབ་གཉེར་ནི་ཕུགས་བསམ་མངོན་དུ་གྱུར་བྱེད་ཀྱི་རྩ་བ་ཡིན་ཞེས་ངའི་འགུལ་ཤུགས་ཀྱི་བསླབ་གདམས་སུ་འཁྱེར་ནས་དཀའ་ཚེགས་དུ་མ་གདོང་ལེན་བྱས་ནས་མདུན་ནས་མདུན་ཕྱོགས་སུ་བསྐྱོད་མུས་ཡིན། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་རང་གི་ཕུགས་བསམ་ཞིག་ཡོད་ངེས། ཕུགས་བསམ་ལ་མཆོག་དམན་གྱི་དབྱེ་བ་མེད་ལ། མཐོ་དམའི་བར་ཐག་ནི་དེ་བས་ཀྱང་ག་ལ་ཡོད། ཉམས་ཆུང་མཐའ་ལས་སྐྱོང་བ་ནི་གེ་སར་གྱི་ཕུགས་བསམ་ཡིན་ལ། ཉམ་ཐག་ནད་པ་གཉེན་པོ་སྨན་གྱིས་འཆོས་རྒྱུ་ནི་གཡུ་ཐོག་གསར་རྙིང་སོགས་ལྷ་རྗེའི་ཕུགས་བསམ་ཡིན།

ང་རང་རྒྱ་མཚོ་ཆེན་པོའི་ནང་གི་ཆུ་ཐིགས་དང་མཚུངས་བར་སློབ་མ་སྟོང་ཕྲག་དབུས་ཀྱི་ཕལ་པ་ཞིག་ཡིན། ངས་མཚོ་བོད་ས་མཐོའི་སྟེང་གི་ཐང་དཀར་རྒོད་པོ་མཐོང་མྱོང་ལ་རྒོད་པོའི་གཤོག་རྩལ་ལ་དེ་བས་སྨོན་མྱོང་། ངས་ཀྱང་རང་ཉིད་ཀྱི་ཕུགས་བསམ་གྱི་ཆེད་དུ་བྱིའུས་ནམ་ཤར་དུ་ལྟོ་འཚོལ་ལ་བྲེལ་བ་བཞིན་དུ་འབད་བཞིན་ཡོད། དེ་ཡང་། ཕུགས་བསམ་ལམ་བུའི་སྟེང་གི་བཀག་རྡོ་ཆེ་ཤོས་ནི་ལེ་ལོ་དང་སྒྱིད་ལུག་ཡིན་མོད། སྔ་མ་ནི་དམ་པའི་དགྲ་དང་། ཕྱི་མ་ནི་དུག་གི་རྩ་བ་ཡིན། དེ་དང་ལྡོག་སྟེ་བརྩོན་འགྲུས་ནི་ཕུགས་བསམ་མངོན་གྱུར་གྱི་བཀོད་འདོམས་པ་ཡིན་པས་སློབ་གཉེར་དང་བྲལ་མི་རུང་། ང་ཚོས་ལེགས་ཉེས་བླང་དོར་གྱི་གནས་ལ་ཕྱིན་ཅི་མ་ལོག་པར་བརྩོན་འགྲུས་བྱས་ཏེ་ལེ་ལོ་དོར་དགོས། དེས་མ་ཚད་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་ཏེ་ཤེས་རབ་ཀྱི་རལ་གྲིས་ལེ་ལོ་ཡི་དགྲ་བོ་རྣམས་དུམ་བུར་གཏུབས་ཏེ་ཕུགས་བསམ་གྱི་རི་རྩེར་འཛེགས་ནས་རྒྱལ་ཁའི་བ་དན་དཀར་པོ་མི་ཚེ་ཡི་ས་འཛིན་སྤོ་རུ་འགྲེངས་དགོས།

དུས་ཚོད་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཞིན་ཞུར་ལ་དེའི་མྱུར་ཚད་ནི་བསམ་པའི་ཡུལ་ལས་འདས། དེས་ན། ང་ཚོས་དུས་ཚོད་ལ་དམ་འཛིན་བྱས་ཏེ་རང་ནུས་ཡོད་རྒུས་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་གཉེར་ལ་ཧུར་བརྩོན་བྱས་ཏེ། ཕུགས་བསམ་གྱི་མཁའ་དབྱིངས་སུ་ཐང་དཀར་རྒོད་པོ་བཞིན་ནམ་འཕང་གཅོད་ཐུབ་པའི་མི་འགྱུར་དམ་བཅའ་རྡོ་ལ་རི་མོ་བརྐོས་པ་ལྟར་ཡིད་ལ་བཅངས་ཡོད།

ངས་ཕུགས་བསམ་གྱི་ཆེད་དུ་སློབ་གཉེར་བྱེད། ངས་སློབ་གཉེར་ལ་བརྟེན་ནས་ཕུགས་བསམ་མངོན་གྱུར་བྱེད་དོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣(༡༢)

ཟུར་ཁྲིད་དགེ་རྒན། པད་སྐྱིད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明