སྨྲ་བའི་རྒྱལ་པོ་སིལ་ལྗོངས་ཀྱི་མ་མ། །མུན་སེལ་སྒྲོན་མེ་རྟ་བདུན་གྱི་དབང་པོ། །བློ་གྲོས་མཁྱེན་པ་འཇམ་དབྱངས་ཀྱི་ཚ་བོ། །བཀའ་དྲིན་འགྲན་མེད་པིར་སྨྱུག་གི་དེད་དཔོན། །
ཨེ་མ། བཤེས་གཉེན་འགྲན་མེད་ཡེ་ཤེས་ཀྱི་མེ་ལོང་ལས་བཅུ་ཕྲག་རིག་པའི་འཇའ་ཚོན་སྣ་ལྔ་འཛིན་མའི་མཁའ་དབྱིངས་སུ་ཤར་བས། རྨོངས་མུན་དུ་ལྷུང་བའི་སྐྱེ་བོའི་སེམས་ཁོངས་སུ་དྲོ་སྐྱིད་ཀྱི་འོད་སྣང་སྦྱིན། བགྲང་བྱ་དུ་མའི་ཤུལ་ལམ་སྟེང་གཞན་དོན་ཕྲག་ཏུ་འཁུར་ནས་སྐྱེ་བོའི་རྨོངས་མུན་གྱི་འཇིག་རྟེན་སྒྲོལ་བར་མཛད། འཁྱར་འཁྱོར་གྱི་གཅེས་ཕྲུག་ང་ཚོར་ཤེས་རིག་གི་གོམ་བགྲོད་བསླབས།
ཤེས་རབ་ཀྱི་སྒྲོན་མེ་ལགས། ཁྱེད་ནི་གཞན་ཕན་ལྷག་བསམ་གྱི་ཕོ་ཉ་དང་། བཀའ་དྲིན་གཞལ་མེད་ཀྱི་ཁྱད་ནོར། ཕངས་སེམས་དང་ཕྲག་དོག་སོགས་ཀྱི་དྲི་མས་མ་འགོས་པའི་ལྷ་དར་དཀར་པོ། ལས་དབང་ལ་ནམ་ཡང་དབུ་མི་སྒུར་བའི་རིག་པའི་དཔའ་བོ། ཁྱེད་ནི་ང་ཚོའི་ནམ་འཕང་གཅོད་པའི་གཤོག་རྩལ་ཡིན་ལ་ཤེས་བྱའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱང་ཡིན། ཁྱེད་ནི་ཉོན་རྨོངས་གཉིད་ལས་སད་མཁན་གྱིས་དབྱར་ཀྱེས་ཀྱི་སྔ་སངས་ཡིན་ལ་རྣམ་ཤེས་འཁོར་བར་འཁྱམས་པའི་རྐང་གཉིས་པ་རྣམས་བདེ་བའི་ཞིང་ཁམས་སུ་འདྲེན་མཁན་གྱི་ཕོ་ཉ་ཡང་ཡིན། དགེ་བའི་བཤེས་ཉེན་ལགས། གལ་ཏེ་ཁྱེད་མེད་ན་རྗེས་རབས་པའི་ས་བོན་ལ་གསར་སྐྱེས་ཀྱི་མྱུ་གུ་ག་ལ་འབུད་སྲིད་ལ། གནས་ལྔ་རིག་པའི་སྐྱེད་ཚལ་འདི་རུ་སློབ་མའི་ཚོགས་ཀྱི་བུང་བ་རྩི་བཅུད་ལེན་པར་ག་ལ་ཡོང་སྲིད། མཐའ་ཡས་ཤེས་བྱའི་རྒྱ་མཚོར་བརྩོན་འགྲུས་ཀྱི་གྲུ་གཟིངས་བཏང་སྟེ་རིག་པའི་ཤེས་རིག་ལེན་པར་འདོད་པའི་གཅེས་ཕྲུག་ག་ལ་ཡོད།
མདོར་ན། ཁྱེད་ནི་འཇིག་རྟེན་འདི་རུ་མེད་དུ་མི་རུང་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན། ལྷག་བསམ་དང་ཤེས་རིག་ནི་རྐུན་པོས་རྐུ་འཕྲོག་མི་ཐུབ་ལ། གསེར་དངུལ་གཡུ་བྱུར་སོགས་ཀྱི་རིན་ཐང་ཆེ་བའི་དངོས་པོས་ཀྱང་ཉོ་མི་ཐུབ། དུས་ནམ་ཞིག་ལ་ངས་ཁྱེད་ཉིད་ཀྱི་ལང་ཚོ་དེ་རྨོངས་མུན་ང་དང་ང་འདྲ་བའི་སློབ་གཉེར་འདྲེན་བྱེད་དུ་ཉིན་རེ་བཞིན་རྒས་འགྲོ་བ་ང་ཚོས་ག་ལ་བརྗེད་སྲིད་ལ། ཁྱེད་ཀྱི་ལྷ་མོ་དབྱངས་ཅན་མའི་རོལ་དབྱངས་ལྟར་གྱི་སློབ་ཁྲིད་ཀྱི་གསུང་སྙན་དེ་སྐྱེ་བོའི་ཐོས་འཛིན་ཡུལ་དུ་ནམ་ཡང་ཝ་ལེར་གསལ་ལོ། །