西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དུས་ཚོད་ལ་གཅེས་སྤྲས་བྱ་འོས། ༄༅། །དྲིན་ཆེན་གྱི་མ་ལོ་ལགས། ༄༅། །ལོ་འདབ་གཡོ་བའི་བསིལ་རླུང་།

放大 缩小 默认

༄༅། །དྲིན་ཆེན་གྱི་མ་ལོ་ལགས།

□ 作者 རིན་ཆེན་ཆོས་སྐྱིད།

ས་ལ་རྒྱུག་པའི་རི་དྭགས། སྔོ་བསང་དབྱིངས་སུ་འཕུར་བའི་འདབ་ཆགས། མགོ་ནག་སྐྱེ་འགྲོ་བྱིངས་ལ་སྐར་ཚོགས་རྒྱུ་སྐར་རྒྱལ་པོར་འགྲན་མི་བཟོད་པ། སྲིན་འབུ་མེ་འཁྱེར་ནམ་མཁའི་ནོར་བུར་སྐྱེངས་པ་སྟེར་ཞིང་། ཀུན་ལ་ཚེ་སྲོག་བླ་ན་མེད་པ་སྦྱིན་མཁན་གྱི་སྐྱེས་མ་ཞིག་ཡོད། གུས་མོ་རང་ལ་ཡང་དེའི་ཆོས་ཉིད་དེ་ལས་མ་འདས།

དགུན་ཨ་སྔོན་དབྱིངས་ཀྱི་ནམ་མཁའ་ཞེས་པ་དེ་ས་གཞིའི་ཨ་མ་རེད་ལགས། དེས་ས་གཞིའི་སྟེང་ལ་གཟི་འོད་འཕྲོད་ཅིང་སྤྱན་ཟུང་གསལ་བར་བྱེད་ལ། དེས་གཅེས་ཕྲུག་ལ་དྲོ་འཇམ་སྦྱིན་གྱིན་དུ་གསོན་ཤུགས་ཀྱི་སྟོབས་རྒྱས་པར་བྱས། ནམ་མཁའི་ནོར་བུ་དེས་སེར་སྣའི་གྲིབ་མ་སྤུ་ཙམ་ཡང་མེད་པར་ཡོད་ཚད་གཅེས་ཕྲུག་དེ་ལ་སྦྱིན། གློ་བུར་དུ་ནམ་མཁའི་ནོར་བུ་ཚ་དྲོད་འཕེལ་བཞིན་འཇམ་མཉེན་དྲོད་འབར་ཕྱག་ཟུང་གིས་ས་གཞིར་གཡོག་པའི་དར་འཁྱགས་ཡོལ་བ་གསལ་བར་བྱས་ཀྱང་དར་འཁྱགས་ཡོངས་སུ་སེལ་བར་བཟོ་མ་ཐུབ་པས་ཁ་ཞེ་གཉིས་མེད་ཀྱི་ནམ་མཁའི་ནོར་བུ་དེ་ངང་རྒྱུད་ཆུ་ལས་རིང་བའི་ངང་ནས་རིམ་གྱི་ཚ་དྲོད་ཇེ་ཆེར་སོང་ནས་དར་འཁྱགས་ཀྱི་ཡོལ་བ་སེལ་བར་བྱེད། དུས་ཀྱི་མདའ་བཞིན་ནམ་མཁའི་ནོར་བུ་དེ་ཡང་འཁར་ལ་ཐུག་པའི་རྒན་པོ་བཞིན་རིམ་གྱི་འོད་སྣང་མི་གསལ་བར་གྱུར་བས། བྱམས་དང་ལྡན་པའི་སྤྱན་ཟུང་དེས་རང་གི་གཅེས་ཕྲུག་ལ་བལྟ་ཙམ་བྱས་ནས་འཛུམ་དམུལ་དམུལ་ངང་ནས་ས་གཞི་ལ་མཐའ་འཇུག་གི་བཀའ་སློབ་གནང་བ་བཞིན། ས་སྲོས་དང་སྤྲིན་དམར་གྱི་མཛེས་སྡུག་ལས་ས་གཞི་ལ་གློག་བརྙན་བལྟ་རུ་འཇུག་པ་བཞིན་སུ་ལ་ཡང་མེད་པའི་སྒེག་ཉམས་ཞིག་མིག་ལམ་དུ་མངོན་པས་སྐབས་དེར་ས་གཞི་དེ་འགྱོད་གདུང་དྲག་པོར་མནར།

ཁྱེད་ཚོད་ཤེས་སོང་ངམ། གུས་མོའི་ཉི་མ་ནི་བདག་གི་བྱམས་བརྩེའི་མ་ལོ་རེད། ས་གཞི་ས་གཞི་མ་རེད་བྱམས་ཀྱི་བསྐྱངས་པའི་གཅེས་ཕྲུག་ལགས། དེར་བརྟེན་ང་ཚོས་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་ན། ནོར་བུ་མི་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་པ་ལྟར་མི་ཡོང་བའི་ཆེད་དུ་འབད་དགོས་སོ། །

མདོར་ན། ཨ་མ་ཅེས་པའི་ཐ་སྙད་དེ་ཐོས་པ་ཙམ་གྱིས་སྙིང་ཉེ་བའི་ཚོར་སྣང་ཞིག་སྟེར་ལ། ང་ཚོ་སྐྱེ་འགྲོ་ཀུན་གྱི་རྒྱབ་རི་དང་མགོན་སྐྱབས་ཉག་གཅིག་དེ་ཡིན། ཨ་མ་ཅེས་པའི་ཡིག་འབྲུ་གཉིས་པོ་དེས་བདག་ལ་མདུན་བསྐྱོད་ཀྱི་སྤོབས་པ་བསྩལ་ལ་ངའི་སྙིང་ཁོངས་ཀྱི་མར་མེ་ཀོང་གང་པོ་དེ་ཡང་ཁྱེད་ཉིད་ལས་མ་འདས། གུས་མོས་དྲིན་བྱས་དྲིན་དུ་གོ་ནས་རང་དགོས་ཤེས་བྱའི་གནད་དུ་འབུངས་པར་བྱའོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༧)

ཟུར་ཁྲིད་དགེ་རྒན། པ་སངས་ལྷ་སྐྱིད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明