西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དུས་ཚོད་ལ་གཅེས་སྤྲས་བྱ་འོས། ༄༅། །དྲིན་ཆེན་གྱི་མ་ལོ་ལགས། ༄༅། །ལོ་འདབ་གཡོ་བའི་བསིལ་རླུང་།

放大 缩小 默认

༄༅། །དུས་ཚོད་ལ་གཅེས་སྤྲས་བྱ་འོས།

□ 作者 མེ་ཏོག་ལྷ་མཛེས།

དུས་ཚོད་ནི་ཆུ་བོ་བཞིན་ཤང་ཤང་དུ་རྒྱུགས་ཕྱིན་ནས་ནམ་ཡང་བསྐྱར་ལོག་བྱེད་མི་སྲིད། དུས་ཚོད་ནི་མདའ་མོ་གཞུ་ལས་འཕངས་པ་བཞིན་རྒྱུན་མི་ཆད་པར་མི་མངོན་པའི་ས་ལ་ཡོལ་འགྲོ།

ཁྱེད་ཀྱིས་སོམས་དང་། སྔོན་ནས་ད་བར་འཇིག་རྟེན་དུ་མཁས་པ་གྲངས་ལས་འདས་པ་ཞིག་བྱུང་མྱོང་ཡོད། གལ་ཏེ་ཁོང་རྣམ་པས་དུས་ཚོད་ལ་གཅེས་སྤྲས་དང་ཤེས་ཡོན་ལ་སྦྱངས་བརྩོན་མ་བྱས་ན་འབྲས་བུ་འདི་འདྲ་ག་ལ་ཐོབ་སྲིད། དེར་བརྟེན། ང་རང་ངོས་ནས་དུས་ཚོད་ལ་གཅེས་སྤྲས་བྱེད་རྒྱུ་ནི་དམའ་འབྲིང་འཚོ་བའི་ནང་གི་དོན་དག་གཙོ་བོར་འཛིན་གྱི་ཡོད།

དེ་ཡང་ང་རང་སློབ་ཆུང་ལ་འགྲོ་བའི་སྐབས་འཕྲད་པའི་གནས་ཚུལ་ཕྲན་ཙམ་བརྗོད་འདོད། ང་རང་སློབ་ཆུང་ལོ་རིམ་དྲུག་པ་འགྲིམ་སྐབས་སློབ་ཐོན་ཡིག་ཚད་གཏོང་དགོས་པའི་སློབ་མའི་གྲས་ཡིན། དེའི་སྐབས་སུ་ངའི་སྦྱངས་འབྲས་ལེགས་ཙམ་ཡོད་པས། ག་དུས་ཡིན་རུང་ང་རང་ནང་སའི་སློབ་འབྲིང་ལ་ཚུད་ཤག་ཤག་བསམ་ནས་སློབ་སྦྱོང་ལ་ལྷོད་གཡེང་བྱས། སློབ་གྲྭའི་ནང་ལོ་རིམ་དྲུག་པའི་སློབ་མ་མཐོང་བའི་ཚེ། མི་ཚང་མའི་ལག་ཐོག་ཏུ་དཔེ་དེབ་རེ་འཁྱེར་བཞིན་ཡོད། སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་ང་ནི་རྩྭ་བ་རུལ་བའི་མེ་ཏོག་དང་ཁྱད་མེད་པར་ནམ་ཡང་རྟ་བདུན་དབང་པོའི་རྗེས་མ་ཆོད་པར་ལུས།

དུས་ཚོད་ཚག་ཚག་ཏུ་རྒྱུགས་འགྲོ་བ་དང་ཡུན་རིང་མ་སོང་བར་སློབ་ཐོན་ཡིག་རྒྱུགས་གཏོང་བའི་དུས་ཚོད་སླེབས་བྱུང་། རྒྱུགས་ཤོག་མར་སྤྲད་རྗེས་ཐོག་མར་ངས་རང་གི་གཞི་རྩའི་གནས་ཚུལ་རྣམས་མར་བྲིས་པ་དང་། དེ་ནས་གོ་རིམ་བཞིན་དྲི་བར་གཞིགས་ཏེ་ལན་འདེབས་འགོ་བརྩམས། དྲི་བ་མང་པོ་ཞིག་གི་དྲིས་ལན་ཆ་འཇོག་ཙམ་ལས་ཐེ་ཚོམ་མེད་པ་ཞིག་འདེབས་ཐུབ་མ་བྱུང་བས། ཉེ་འགྲམ་གྱི་སློབ་མ་ཚོ་བཞིན་སྟོང་ཆ་ཁ་སྐོང་དང་འདེམ་འཇུག་གི་ནང་དོན་རྣམས་བློ་ཐག་ཆོད་པོས་འབྲི་ཤེས་ན་ཅི་མ་རུང་ཨང་སྙམ་བྱུང་།

སྔོན་ཆད་རང་ཉིད་སློབ་སྦྱོང་ཅུང་ཡག་ཙམ་ཡོད་པས་ང་རྒྱལ་དང་སྦྲགས་ལེ་ལོ་དང་སྒྱིད་ལུག་ཁོ་ན་གྲོགས་སུ་བསྟེན་པས། མཇུག་འབྲས་ནི་བློ་འགྱོད་ཀྱི་མཚོ་མོར་ལྷུང་། དུས་ཚོད་ནི་ཤེས་ཡོན་ཡིན་ཡང་ཟེར་ཆོག་སྟེ། སྐབས་དེའི་སློབ་མ་མང་པོ་ཞིག་གི་ཐོག་མའི་སྦྱངས་འབྲས་ནི་ང་དང་མཚུངས་ཀྱང་ཁོང་ཚོས་དུས་ཚོད་གཅེས་འཛིན་བྱེད་ཤེས་པ་ལས་མཐའ་མཇུག་ང་ལས་རྣམ་པར་རྒྱལ་ཏེ་ནང་སའི་སློབ་འབྲིང་དུ་ཚུད་པ་རེད། དངོས་གནས་ཁོང་ཚོ་ནི་ཕ་མའི་སྤོབས་པ་དང་མེས་རྒྱལ་འཛུགས་སྐྲུན་གྱི་བྱེད་པོར་འགྱུར་ངེས་རེད་ཨང་།

ང་རང་ནང་སའི་སློབ་འབྲིང་དུ་རྒྱུགས་མ་འཕྲོད་པས་རྫོང་ཐོག་ཏུ་ལོག་དགོས་བྱུང་། ང་རང་སློབ་ཆུང་ནག་ཆུ་གྲོང་ཁྱེར་རུ་འགྲིམས་ན་ཡང་སྐྱེ་ཡུལ་དེ་རུ་མིན་པས། ཕ་མས་ཡིག་རྒྱུགས་བློ་ལ་འགྲོ་བ་ཞིག་ལོན་མ་ཐུབ་ཚེ་གྲོང་ཁྱེར་དུ་སྡོད་པའི་དགོས་པ་ཡང་ཆུང་བར་སྙམ་ནས་ང་རང་རྫོང་ཐོག་གི་སློབ་འབྲིང་དུ་བཏང་བ་རེད། ཡིན་ཡང་ངས་ང་རང་རྫོང་ཐོག་ཏུ་བཏང་བའི་དོན་དེར་སྐྱོ་སྣང་ཕྲན་བུ་ཙམ་ཡང་སྐྱེས་མ་བྱུང་། གང་ཡིན་ཟེར་ན། ང་རང་ནག་ཆུར་སློབ་གྲྭ་འགྲིམས་རིང་དེ་གའི་སློབ་གྲོགས་ཚོ་དང་དེ་ཙམ་གོ་བརྡ་མི་འཕྲོད་པ་དང་། ལྷག་པར་དུ་གོམས་སྲོལ་མི་འདྲ་བའི་དབང་གིས་འགལ་ཟླ་ཡང་མང་པོ་འཕྲད་མྱོང་། དེར་བརྟེན། ང་རང་རྫོང་ཐོག་ལ་བསྡད་ཚེ་སློབ་མ་ཚང་མ་ཕ་ཡུལ་གཅིག་པ་ཡིན་པས། གོང་གི་གནས་ཚུལ་དེ་འཕྲད་མི་སྲིད་སྙམ་ནས་རང་ཉིད་སློབ་གྲོགས་གསར་པ་དང་། དགེ་རྒན་གསར་པ། ཁོར་ཡུག་གསར་པ་བཅས་འཕྲད་རྒྱུར་རེ་སྒུག་ཆེན་པོ་བྱེད་མྱོང་།

དུས་ཡུན་རིང་པོ་མ་ཕྱིན་པར་ང་རང་ཧོབ་ཏེ་དམའ་འབྲིང་ལོ་རིམ་གསུམ་པར་སླེབས་པའི་སློབ་མ་ཞིག་ཏུ་གྱུར། དུས་ཚོད་ནི་རླབས་ཆེ་ལ་འགྲོས་ཀྱང་མྱུར་བས། ངས་སྔོན་ཆད་ཀྱི་དམའ་འབྲིང་ལོ་གཉིས་པོ་དེ་ཡང་ཇི་ལྟར་ཡོལ་བ་གསལ་པོ་ངེས་ཀྱི་མི་འདུག དྲང་པོར་བཤད་ན་དུས་ཚོད་ཀྱིས་ང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཀྱང་སྦྱིན་བྱུང་སྟེ། ངས་སློབ་ཆུང་དུས་སུ་དུས་ཚོད་འཕྲོ་བརླག་བཏང་བའི་ཉེར་དམིགས་ཇི་ལྟར་ཡིན་པ་སྣ་སུན་ཐེབས་ཡོད་པས། དུས་ཚོད་ནི་སྲོག་ལྟར་གཅེས་སྤྲས་བྱེད་དགོས་པའི་གནས་ལུགས་རྟོགས་ཟིན། དུས་ཚོད་ནི་ཡོན་ཏན་དང་བློ་རིག་སྩོལ་བའི་ལྡེ་མིག་གཙོ་ཆེ་ཤོས་ཡིན་པར་འདོད་ནས་དུས་ཡུན་དེ་ཙམ་རིང་རྒྱུ་མེད་པའི་ལོ་ངོ་གསུམ་སྤྱད་དེ་སྔོན་མ་མངོན་འགྱུར་མ་ཐུབ་པའི་རང་གི་ཕུགས་བསམ་དེ་མངོན་འགྱུར་ཡོང་བ་བྱེད་འདོད། དུས་ཚོད་ཀྱིས་རང་ཉིད་གཅེས་སྤྲས་བྱེད་མཁན་གྱི་མི་ལ་བློ་ཕམ་དུ་བཅུག་མི་སྲིད་པས། ངས་དུས་ཚོད་གཅེས་སྤྲས་ཀྱི་སྙིང་སྟོབས་རྡོ་ལ་རི་མོ་བཞིན་བརྐོས་ཏེ་རང་ཉིད་ཀྱི་དམའ་འབྲིང་འཚོ་བ་ལ་འགྱོད་སེམས་སྐྱེ་མི་དགོས་པ་ཞིག་བྱེད་འདོད།

སློབ་གྲོགས་ཚོ། ཁྱེད་ཚོས་ཤེས་སམ། དུས་ཚོད་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན། དུས་ཚོད་ལ་དམ་འཛིན་མ་བྱས་ཚེ། རང་ཉིད་མཁས་པ་ཆགས་རྒྱུ་ལྟ་ཅི་སྤྱི་ཚོགས་ཁྲོད་ཀྱི་གད་སྙིགས་དང་གཉིས་སུ་མེད་པར་འགྱུར་ངེས། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明