མི་སུ་ཞིག་ཡིན་རུང་ཕུགས་བསམ་ཡོད་ངེས་རེད། ཕུགས་བསམ་ནི་ངའི་སློབ་སྦྱོང་གི་ངར་ཤུགས་འབྱུང་སའི་གཞི་དང་། ཕུགས་བསམ་ནི་འོད་ཟེར་སྟོང་ལྡན་གྱི་ཉིན་བྱེད་ཅིག་དང་འདྲ་བར་ཁོ་བོའི་རྨོངས་མུན་གྱི་འཇིག་རྟེན་འོད་ཀྱིས་བཀང་།
ང་རང་དམའ་འབྲིང་དུ་ཐོག་མར་སླེབས་སྐབས་སུ་སེམས་པའི་ནང་ལ་རྩེད་མོ་རྩེ་རྒྱུ་མ་གཏོགས་ཡིད་ལ་འགན་འཁྲི་གང་ཡང་མེད། གནས་ཚུལ་ཞིག་གིས་རང་ཉིད་ཀྱི་སེམས་སུ་ཕུགས་བསམ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱུང་། ཉིན་ཞིག་གི་ཞོགས་པར། ང་རང་རྒྱུན་ལྡན་བཞིན་མལ་ལས་ལངས་ཏེ་ངོ་གདོང་འཁྲུ་བཞིན་པའི་སྐབས། སྒེའུ་ཁུང་ལས་སློབ་མ་མང་པོ་ཞིག་ལུས་རྩལ་ཐང་གི་གློག་བཞུའི་འོག་དཔེ་དེབ་བློ་འཛིན་བྱེད་བཞིན་པ་མཐོང་། དེའི་དུས་སུ་བདག་གི་སེམས་དབུས་ན་ཁོང་ཚོས་ཞོགས་པ་སྔ་པོ་ལངས་པ་དང་། ལུས་རྩལ་ཐང་དུ་གྲང་ངར་ལ་མ་འཛེམ་པར་དཔེ་དེབ་སྐྱོར་སྦྱངས་བྱེད་པའི་སེམས་ཤུགས་གང་ནས་བྱུང་བ་ཡིན་ནམ་སྙམ་བྱུང་། དོན་དེས་ངའི་སེམས་སུ་བག་ཆགས་ཆེན་པོ་ཞིག་བཞག་པ་དང་། དོན་དེའི་སྐོར་ནས་ངས་ཆེད་དུ་སྐབས་དེར་ངོ་ཤེས་པའི་ལོ་རིམ་མཐོ་བའི་སློབ་མ་ཞིག་ལ་འདྲི་མྱོང་ཡོད། ཁོང་གིས་ཁྱེད་རང་ཚོ་ལོ་རིམ་དགུ་པར་སླེབས་རྗེས་ཧ་གོ་ངེས་རེད་ཟེར། དེ་ནི་བདེན་པ་ཡིན་ངེས་ཏེ་ང་ཚོ་རིམ་བཞིན་ནར་སོན་པ་དང་རང་གི་མི་ཚེའི་སླད་དུ་བསམ་བློ་མང་པོ་ཞིག་གཏོང་དགོས་ཁེལ་ཞིང་། དམིགས་ཡུལ་མེད་པ་ནས་ཡོད་པ་དང་ཕུགས་བསམ་མེད་པ་ནས་རིམ་བཞིན་ཕུགས་བསམ་དང་ལྡན་པར་འགྱུར་གྱི་འདུག །
ད་ལྟ་ངས་སློབ་མ་དེས་བཤད་པའི་སྐད་ཆ་ཡོངས་སུ་གོ་བ་ལོན་སོང་སྟེ། ཁོང་ཚོར་ཕུགས་བསམ་ཡོད་པས་ད་གཟོད་དེའི་ཆེད་དུ་དཀའ་བ་སྤྱོད་པའི་སྙིང་རུས་ལྡན་སོང་བ་རེད། ཕུགས་བསམ་ནི་དཔའ་རྒོད་ཅིག་དང་ཤིན་ཏུ་འདྲ་སྟེ། དེས་ང་ཚོའི་སེམས་ལ་བདེ་སྣང་སྦྱིན་ཞིང་མི་ཚེའི་ལམ་ཁར་འཕྲད་པའི་དཀའ་སྡུག་གི་དགྲ་བོ་ཡོད་ཚད་དམིགས་མེད་དུ་འཇོམས་རོགས་བྱེད། ཕུགས་བསམ་ལྡན་པའི་མི་ནི་ནམ་ཡང་མདུན་བསྐྱོད་ཀྱི་ཁྲོད་ན་གནས་ཤིང་ཡར་རྒྱས་ཀྱི་ལམ་ཁར་བསྙེགས་ཏེ་འགྲོ།
སློབ་གྲོགས་ཚོ། ང་ཚོར་ཕུགས་བསམ་ཡོད་དགོས་ཤིང་། ཕུགས་བསམ་སླད་དུ་འབད་བརྩོན་བྱེད་པའི་སྙིང་རུས་ཀྱང་ལྡན་དགོས། ཚང་མ་ཤུགས་རྒྱོབས་དང་། རང་ཉིད་ཀྱི་མིག་ཟུང་དྭངས་མོར་འཕྱིས་ཏེ་མདུན་ལ་བལྟས་ན་ཁྱོད་ཀྱིས་རང་ཉིད་འབད་བརྩོན་མི་བྱེད་པའི་རྒྱུ་མཚན་ཞིག་རྩ་བ་ནས་རྙེད་མི་སྲིད་དོ། །
ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།