འདི་ལོའི་སྤྱི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གེགས་འགོག་གེགས་སེལ་གྱི་ཉིན་མོ་ཐེངས་15པ་དེ་ཡིན་ཞིང་སྤྱི་ཟླ་5ཚེས་6ནས་ཚེས་12ཉིན་བར་གྱི་གེགས་འགོག་གེགས་སེལ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་ནང་དོན་གྲས་ཤིག་ཏེ་སྤྱི་ཟླ་5ཚེས་6ཉིན་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་༼ས་ཡོམ་ཅུས་༽ཀྱིས་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་དུ“རྒྱལ་ཁབ་རིམ་པའི་ཡོམ་འགོག་གེགས་སེལ་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭར”སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད།
སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་ལ་ཀྲུང་གོ་ས་ཡོམ་ཅུས་ཀྱིས་སྤྲད་པའི“རྒྱལ་ཁབ་རིམ་པའི་ཡོམ་འགོག་གེགས་སེལ་དཔེ་སྟོན་སློབ་གྲྭ”ཞེས་པའི་སྒོ་བྱང་དངོས་སུ་བཀལ་བ་དང་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་མཐོ་རིམ་བཟོ་བཀོད་པ་ཧོ་ཐུང་ཅང་གིས་སློབ་གྲྭ་དེའི་དགེ་སློབ་ཚོར་༼ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་ཤེས་བྱ་༽ཞེས་པའི་ཆེད་དོན་འཆད་ཁྲིད་གནང་སྟེ་ས་ཡོམ་རྒྱག་སྐབས་ཇི་ལྟར་བྱས་ཏེ་རང་སྐྱོབ་དང་ཕན་ཚུན་སྐྱོབ་རོགས་བྱེད་རྒྱུ་སོགས་ཀྱི་ཡོམ་འགོག་ཤེས་བྱ་རབ་དང་རིམ་པར་ཤེས་རྟོགས་ཐུབ་པ་བྱས་པ་རེད།
ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་སློབ་མ་ཡེ་ཤེས་སྒྲོལ་དཀར་གྱིས། སློབ་གྲྭས་དེ་ལྟ་བུའི་ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་སྤེལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཡོམ་ཤེས་བྱ་ཁྱབ་གདལ་བཏང་ཚེ་ང་ཚོས་ས་ཡོམ་ཁྲོད་ཉེན་གཡོལ་བྱེད་པའི་གཞི་རྩའི་ཐབས་ཤེས་དངོས་འབྲེལ་ཁོང་དུ་ཆུད་ཐུབ་ཅེས་བརྗོད་ཀྱི་ཡོད་པ་རེད།
ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་བདེ་འཇགས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་བསྟན་འཛིན་ཆོས་འཕེལ་གྱིས། ང་ཚོས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ཤེས་བྱའི་དྲིལ་བསྒྲགས་འཆར་གཞི་བཟོས་ནས་ཡོམ་འགོག་གེགས་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ནང་འཇུག་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།
ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གིས་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་འཛུགས་རྒྱུ་དེ་སློབ་གྲྭའི་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་རྩིས་ནས་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་ལུགས་མཐུན་ངང་སྤྱོད་པ་དང་། སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱེད་པ། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་པ། ཤེས་བྱའི་འགྲན་བསྡུར་གཉེར་བ། བདེ་འཇགས་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱེད་པ། འཕྲལ་སྡོམ་ཉེན་གཡོལ་ནང་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་ཡོམ་འགོག་གེགས་སེལ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ས་ཡོམ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་གཡང་གིས། རྒྱལ་ཁབ་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭའི་ཡིག་ཐོག་སྙན་ཞུ་དེ་ངེས་པར་དུ་ཞིང་ཆེན་རིམ་པའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭའི་མཚན་སྙན་ཐོབ་པའི་སློབ་གྲྭའི་ནང་ཞིབ་དཔྱད་གཏན་འཁེལ་གྱི་ཚད་གཞི་ལྟར་རེ་རེ་བཞིན་དཔྱད་བསྡུར་བྱས་རྗེས་ལེགས་འདེམས་བྱས་ནས་ཀྲུང་གོ་ས་ཡོམ་ཅུས་ལ་དཔྱད་ཞིབ་དང་ཡོངས་བསྒྲགས་གཏན་འཁེལ་བྱ་རྒྱུར་འབུལ་དགོས་ཞེས་ངོ་སྤྲོད་གནང་བ་རེད།
གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་༼ས་ཡོམ་ཅུས་༽ཀྱིས་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། ཕྲུ་གུ་ཞིག་ལ་སློབ་གསོ་གཏོང་བ་དང་། ཁྱིམ་ཚང་ཞིག་ལ་ཤུགས་རྐྱེན་ཐེབས་པ། སྤྱི་ཚོགས་ཧྲིལ་པོར་སྐུལ་ཁྲིད་བྱེད་པ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བརྩོན་ལེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ས་ཡོམ་གྱི་གནོད་འཚེ་འགོག་པ་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།