http://zw.xzqnb.cn/Content/weixinlogo.png
དབྱར་ཁའི་དཔལ་ཡོན་ཡོངས་སུ་ངོམ་པར་བྱེད་པའི་དུས་ཚིགས་འདིར། རང་ཉི
http://zw.xzqnb.cn/m/content/2026-11/13/002061.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གཏམ་གྱི་ཕྲེང་བས་སློབ་གླིང་སློབ་མར་འབོད།

༄༅། །སྟོན་གྱི་རང་མདངས།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་མི་དམངས་བློ་ཡིད་ཚིམ་པའི་འཐུས་མི་འདེམས་ཐུབ་པའི་འགན་ལེན་བྱེད་དགོས།

༄༅། །བདག་གི་དམའ་འབྲིང་འཚོ་བ།

等待处理…

༄༅། །བདག་གི་དམའ་འབྲིང་འཚོ་བ།

作者 ཡེ་ཤེས་ཆོས་སྒྲོན།
2026年11月13日

དབྱར་ཁའི་དཔལ་ཡོན་ཡོངས་སུ་ངོམ་པར་བྱེད་པའི་དུས་ཚིགས་འདིར། རང་ཉིད་ཀྱང་མཛེས་པའི་མ་ཡུམ་སློབ་གྲྭ་ནས་ཐོན་ལ་ཉེ་བ་དྲན་པའི་མེ་ལོང་ངོས་སུ་ལྷམ་མེར་འཆར་སྐབས། ངོ་མ་དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་སྙམ་པའི་ཕངས་སེམས་ཤིག་དབང་མེད་དུ་སྐྱེ་ཡོང་།

དུས་ཚོད་ཀྱི་ཆུ་མོ་ནི་ཤང་ཤང་དུ་རྒྱུགས་བཞིན་ཡོད། ང་ཚོ་ཡང་རྩེད་མོ་མ་གཏོགས་མི་ཤེས་པའི་ཕྲུ་གུ་ཞིག་ནས་ལེགས་ཉེས་བླང་དོར་ལམ་ཙམ་ཤེས་མཁན་གྱི་གཞོན་ནུ་ཞིག་ཏུ་གྱུར་ཟིན། ང་ཚོའི་མིག་མདུན་དུ་འཕྲད་པ་ནི་རང་རང་གི་མི་ཚེའི་ཁ་ལོ་སྒྱུར་བྱེད་ཀྱི“སྲབ་མདའ”སྟེ། དམའ་འབྲིང་གི་སློབ་ཐོན་ཡིག་རྒྱུགས་ཐུག་ལ་ཉེ་བ་དེ་རེད། དེའི་དུས་ན་སློབ་མ་ལ་ལ་ནི་བློ་བརྟན་འགྱུར་མེད་ངང་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། ལ་ལ་ནི་དངངས་སྐྲག་གི་དབང་དུ་ཚུད་དེ་ཅི་བྱ་གཏོལ་མེད་དུ་གྱུར། ལ་ལ་ནི་སེམས་ཤུགས་ཡོངས་སུ་ཉམས་ནས“ཨ་མའི་པང་ལ་ལོག”རྒྱུའི་གྲ་སྒྲིག་བྱས་དང་བྱེད་བཞིན་འདུག

ང་རང་དམའ་འབྲིང་གི་ལོ་གསུམ་ནང་དཀའ་ངལ་འཕྲད་མྱོང་ལ་སྐྱིད་པོ་ཡང་ཞེ་དྲག་བྱུང་། ང་རང་སློབ་གྲྭ་དང་འཛིན་གྲྭ་ཕར་ཚུར་བརྗེ་མྱོང་བའི་སློབ་མ་ཞིག་གི་ངོས་ནས། ན་ཚོད་མཉམ་པའི་སློབ་མ་མང་པོ་ཞིག་དང་འབྲེལ་འདྲིས་བྱུང་ཞིང་། སློབ་མ་དེ་དག་ཕལ་ཆེ་བ་ང་ལས་བརྩོན་འགྲུས་ཆེ་བ་དང་འགན་སེམས་ཆེ་བའི་ཚོར་སྣང་བྱུང་། འོན་ཀྱང་། ང་རང་ལ་མཚོན་ན་ཁོང་ཚོ་ཧུར་ཐག་གིས་སློབ་ལ་འབད་བརྩོན་བྱེད་སྐབས་རྩེད་མོ་རྩེ་མཁན་དེ་དག་གི་ཁྲོད་དུ་རྒྱུགས་འགྲོ་གི་ཡོད་པས་སྦྱངས་འབྲས་ཀྱང་དེ་ཙམ་ཡག་རྒྱུ་མེད། འོན་ཀྱང་དགའ་འོས་པ་ཞིག་ལ་ངའི་མི་མངོན་པའི་སེམས་ཀྱི་ཟབ་ས་རུ་ངར་ཤུགས་ཤིག་སྦས་པའི་ཚུལ་དུ་གནས་ཡོད་པས། མི་གཞན་དག་རང་ལས་ཞེ་དྲག་གིས་བླ་ན་འཕགས་པའི་གནས་སྐབས་སུ་གློ་བུར་དུ“ངས་ཁོ་ལ་འགྲན་མི་ཐུབ་པ་ཅི་ཞིག་ཡོད་ཨང”སྙམ་པའི་སྤོབས་སེམས་ཤིག་འགོག་མེད་དུ་འཆར་ཡོང་བས། དེས་ང་རང་འཇིགས་པའི་གཡང་ལས་ལྷུང་བར་དྲན་སྐུལ་བྱེད་པས་མ་གཏོགས། རང་ཉིད་ཇི་ལྟ་བུ་ཞིག་གི་གནས་སུ་ལྷུང་སྲིད་པ་ངོ་མ་ཚོད་དཔག་ཐིག་དཀའ།

ང་རང་དམའ་འབྲིང་གི་ལོ་ངོ་གསུམ་གྱི་རིང་ལ་སློབ་མ་འདྲ་མིན་སྣ་ཚོགས་དང་འཕྲད་བྱུང་། ཁོང་ཚོ་ཚང་མ་ངའི་ངོས་ནས་བཤད་ན་ཧ་ཅང་གལ་ཆེ་བའི་མི་སྣ་རྐྱང་རྐྱང་ཡིན། གང་ཡིན་ཞེ་ན། ཁོང་ཚོ་ཕལ་ཆེ་བ་གཞན་ལ་བསམ་ཤེས་ཐུབ་མཁན་རྐྱང་ཡིན་པས། ང་ཚོའི་བར་གྱི་འབྲེལ་ལམ་ཤིན་ཏུ་ཟབ་པ་དང་། ང་རང་སྐྱོ་ནས་མིག་ཆུ་ཤོར་བའི་གནས་སྐབས་སུ་ལྷག་བསམ་ཟོལ་མེད་ཀྱིས་དཀར་གཙང་གི་ཤོག་བུ་བསྲིངས་ནས་ང་ལ་སེམས་གསོ་བྱེད་ཅིང་། ཡིད་སེམས་རྨང་ནས་འགུལ་བའི་སྙིང་གཏམ་བཤད་དེ་ང་ཡི་སྐྱོ་བ་སངས་རོགས་བྱེད། ཐ་ན་ང་རང་གད་མོ་མ་ཤོར་བར་དུ་སྤྲོ་བ་འཕེལ་རོགས་བྱེད་པས། ངའི་ངོས་ནས་བཤད་ན་ཁོང་ཚོ་དང་འཕྲད་པ་ནི་རང་ཉིད་ཀྱི་ཆེས་ཆེ་བའི་བསོད་ནམས་རེད་སྙམ་གྱི་ཡོད།

མ་ཟད་ང་རང་ལ་ལམ་སྟོན་གྱི་སྒྲོན་མེ་ལྟ་བུའི་དགེ་རྒན་མང་པོ་ཞིག་དང་འཕྲད་བྱུང་། ཁོང་ཚོ་ངའི་ཆེད་དུ་ཁོང་ཁྲོ་ལངས་མྱོང་ལ་ཐུགས་ཕམ་ཡང་སྐྱེ་མྱོང་། སྐབས་རེ་ང་ལ་གཤེ་གཤེ་བཏང་ནས་ཡིད་སེམས་སྡུག་ལ་སྦྱར་མྱོང་ལ། སྐབས་རེ་ང་ལ་བསྟོད་བསྔགས་བྱས་ཏེ་སྤྲོ་དགའི་གསོལ་རས་ཀྱང་བསྩལ་མྱོང་། ཁོང་རྣམ་པས་རང་ཉིད་ཀྱི་འགན་འཁྲི་དམ་དུ་བཟུང་ནས་རིན་མེད་ངང་ངའི་བློ་རིག་གི་རྐང་འཐུང་ལ་ཆར་ཐིགས་ཀྱི་བདུད་རྩི་སྦྱིན། དམའ་འབྲིང་གི་དུས་ཚོད་ནི་མི་རིང་བར་ངའི་འདས་དོན་དུ་འགྱུར་སྲིད་ན་ཡང་། དུས་རིམ་དེའི་ཁྲོད་དུ་བྱུང་བའི་བྱ་བ་ཆེ་ཕྲ་ཅི་རིགས་ངའི་དྲན་པའི་ངོས་ལ་རྡོ་བརྐོས་རི་མོ་བཞིན་གཏན་དུ་གནས་ངེས་ཏེ། དེ་དག་ཡོད་ཚད་ངའི་གུས་པར་འོས་པའི་དགེ་རྒན་དང་མཛའ་ཞིང་བརྩེ་བའི་སློབ་གྲོགས་རྣམས་ཀྱིས་ང་ལ་གནང་བའི་དམིགས་བསལ་གྱི་ཕྱག་རྟགས་ཀྱང་ཡིན་པས་རེད། ཇི་སྲིད་རང་ཉིད་དྲན་པ་མ་ཉམས་བར་དུ་འདས་དོན་དེ་དག་རེ་རེ་བཞིན་བློ་ལ་ཡང་ཡང་འཆར་ངེས་ཡིན།

དམའ་འབྲིང་ལོ་ངོ་གསུམ་གྱི་ལམ་བུའི་ཐོག་ཏུ། དཀའ་ལས་དང་སྡུག་བསྔལ། དགའ་སྤྲོ་དང་རང་དབང་སོགས་སྣང་ཚུལ་མཐའ་ཡས་པ་ཞིག་བྱུང་། དེ་དག་རེ་རེ་བཞིན་གླེང་བའི་དགོས་པ་ཆེར་མ་མཆིས། ད་ལྟ་བསམ་བློ་གཏོང་སྐབས། ངས་རང་ཉིད་ཀྱི་སྔར་སོང་ལ་འགྱོད་གདུང་ཏིལ་འབྲུ་ཙམ་སྐྱེ་བར་མི་སྲིད། རྒྱུ་མཚན་ནི། ང་རང་ཀྱག་ཀྱོག་གི་ལམ་བུ་དེ་དག་མ་བརྒྱུད་ན་རང་གི་ལང་ཚོ་སྨག་རུམ་དང་མུན་པར་ཚུད་པ་བཞིན་གོ་མེད་ཚོར་མེད་ངང་འདའ་སྲིད་པས་ཡིན།

མདོར་ན། ལོ་ངོ་གསུམ་གྱི་དམའ་འབྲིང་འཚོ་བའི་ནང་། ཕྱུར་པ་དང་འདྲ་བའི་འཚོ་བའི་མྱོང་སྣང་སྐྱུར་མོ་འགའ་འཕྲད་བྱུང་ལ། འོ་ཇ་དང་འདྲ་བའི་ཞིམ་མངར་གྱི་སྣང་བ་ཡང་བསམ་གྱིས་མི་ཁྱབ་པ་འཕྲད་བྱུང་། ཕྱིར་དྲན་རེར་བྱས་ན། དེ་དག་ཡོད་ཚད་ནི་ངས་ནམ་ཡང་རྨིས་མི་ཚར་བའི་རྨི་ལམ་ཞིག་ལྟར་ཡིད་ལ་ཡང་ཡང་འཁོར་འོང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博