གུས་མོའི་ཁྱིམ་ཚང་ནང་ལ་ཕྲུ་གུ་ལྔ་ཡོད། བུ་མོ་གཉིས་དང་བུ་གསུམ་ཡོད། གུས་མོ་རང་ཉིད་ནི་བུ་མོའི་ནང་ནས་ཆུང་ཤོས་ཡིན། དུས་རྒྱུན་རང་ཉིད་དང་ཕ་མ་གཅིག་པའི་གཅེན་པོ་ཞིག་ཡོད་ན་ཅི་མ་རུང་སྙམ་གྱི་ཡོད། རྒྱུ་མཚན་ནི། གལ་སྲིད་གཅེན་པོ་ཞིག་ཡོད་ན་ནང་གི་ལས་ཀ་དཀའ་ལས་ཆེ་བ་རྣམས་ཁོང་གིས་འགན་ཁུར་རོགས་བྱེད་པ་མ་ཟད། ད་དུང་གཅེན་པོས་ང་ཚོ་གཅུང་མོ་དག་ལ་བརྩེ་བས་སྐྱོང་ངེས་ཤིང་། ང་ཚོ་ཕྱི་ལོགས་ལ་མངར་ཆ་ཉོ་བར་ཡང་འཁྲིད་སྲིད། དེར་བརྟེན། ང་ལ་དངོས་གནས་གཅེན་པོ་ཞིག་ཡོད་ན་ཅི་མ་རུང་བསམ་མྱོང་། འོན་ཀྱང་དགའ་འོས་པ་ཞིག་ལ། ང་ལ་ད་དུང་སྙིང་ཉེ་བའི་གཅུང་པོ་གསུམ་ཡོད། གཅིག་ནི་གཅུང་པོ་ཆུང་བ་གཉིས་ལས་ལོ་གཅིག་གིས་རྒན་པ་དང་། གཅུང་པོ་ཆུང་བ་གཉིས་པོ་ནི་མཚེ་མ་རེད། ཁོང་ཚོ་གསུམ་ཆེ་ཆུང་ཅུང་ཟད་ཡོད་ཀྱང་ཕྱི་ཚུལ་ཤིན་ཏུ་འདྲ་པོ་ཡོད།
ལྷག་པར་དུ་མཚེ་མ་གཉིས་པོ་ནི་དུས་རྒྱུན་ནང་ལ་ཡང་དབྱེ་བ་གསལ་པོ་འབྱེད་ཐུབ་ཀྱི་མེད། ཁོང་གཉིས་ང་ལས་ལོ་གསུམ་གྱི་ཆུང་། གཅིག་གི་མིང་ལ་བསྟན་འཛིན་རྣམ་རྒྱལ་དང་། གཅིག་གི་མིང་ལ་བཀྲ་ཤིས་སྟོབས་རྒྱལ་ཟེར། ཁོ་གཉིས་ནི་སློབ་ཆུང་ལོ་རིམ་དང་པོ་ནས་འགོ་བཙུགས་ཏེ་འཛིན་གྲྭ་གཅིག་པ་ཡིན་པས། དགེ་རྒན་རྣམས་ཀྱིས་ཀྱང་རྟག་པར་ནོར་འགྲོ་གི་ཡོད། དུས་རྒྱུན་སློབ་ཚན་སྐབས་སུ་དགེ་རྒན་ཚོས་ཁོང་གཉིས་པོ་ལ་འབོད་ནོར་ཤོར་བའི་གཏམ་རྒྱུད་མང་པོ་ཤོད་རྒྱུ་ཡོད། གུས་མོའི་ངོས་ནས་བཤད་ན། ཁོ་གཉིས་དབྱེ་བ་འབྱེད་ཐུབ་ཙམ་ཡོད། དེ་ནི་ང་ཚོ་ནམ་རྒྱུན་རྟག་པར་མཉམ་དུ་གཤིབ་པས་རྒྱུས་མངའ་གཞན་ལས་ཆེ་བ་ཡོད་པས་ཡིན། མཚེ་མགོ་དེའི་མགོ་བོའི་བཟོ་ལྟ་ནི་རིལ་རིལ་ཡིན་ཞིང་མགོ་བོ་ཡང་ཅུང་ཆེ་བ་ཡོད། མཚེ་མ་གཞན་དེ་ནི་མགོ་བོའི་བཟོ་ལྟ་ཟླུམ་པོ་དང་ཅུང་ཆུང་ཙམ་ཡོད། དེར་བརྟེན། ངས་ཕལ་ཆེ་བ་ཁོང་གཉིས་ཀྱི་མགོ་བོའི་བཟོ་ལྟ་ལ་བལྟས་ནས་དབྱེ་བ་འབྱེད་ཀྱི་ཡོད། ཕྱི་ལོགས་ཀྱི་མི་ཞིག་གིས་དབྱེ་བ་ཆོད་དགོས་ན་དཀའ་ལས་ཁག་པོ་རེད། ཐ་ན་ཆུང་དུས་ཡབ་ཀྱིས་ཁོང་གཉིས་ཀྱི་སྟོད་གོས་དང་སྨད་གོས་ཚང་མ་གཅིག་པ་ཉོ་ཡི་ཡོད་པས་དེ་བས་ཀྱང་དབྱེ་འབྱེད་ཐུབ་དཀའ། ད་ལྟ་ཁོང་གཉིས་ཀ་སློབ་འབྲིང་ལོ་རིམ་བདུན་པར་སློབ་གྲྭར་འགྲིམ་བཞིན་ཡོད། གཟུགས་པོའི་རིང་ཚད་ཀྱང་ཧ་ལམ་ང་དང་འདྲ་པོ་ཆགས་ཡོད། ལོ་གཅིག་གཉིས་སོང་ན་ཏན་ཏན་ང་ལས་རིང་ངེས་རེད། ད་ནི་ཁོང་གཉིས་པོ་ཡང་ཆེན་པོ་ཆགས་པས། གྱོན་ཆས་གང་འདྲ་ཞིག་ཡིན་རུང་ཚང་མ་རང་ཉིད་གང་དགའ་བ་རྐྱང་རྐྱང་འདེམ་གྱི་ཡོད་པས། སྤྱིར་བཏང་བྱས་ན་གཅིག་པ་བྱས་པ་གཅིག་ཀྱང་མེད། ད་ལྟ་ཁོ་གཉིས་དབྱེ་བ་འབྱེད་དགོས་ན་སྔར་དང་དབྱེ་བ་འབྱེད་བདེ་རུ་ཕྱིན་ཡོད། ཁོང་གཉིས་ད་ལྟ་འབྲི་རུ་རྫོང་སློབ་འབྲིང་གཉིས་པར་སློབ་གྲྭར་འགྲོ་བཞིན་ཡོད་ལ། མ་གཞི་ད་ལྟ་འཛིན་གྲྭ་གཅིག་པ་མིན་མོད། སློབ་གྲོགས་དང་དགེ་རྒན་རྣམ་པས་ད་དུང་ནོར་གྱི་འདུག་ཟེར།
ངལ་གསོ་བཞག་དུས་ཁོང་གཉིས་ནི་ཆུང་དུས་བཞིན་ནང་ལ་སྡོད་ཀྱི་མེད། རྒྱུ་མཚན་ནི་ད་ལྟ་གཟུགས་པོ་ལོན་ནས་སྦག་སྦག་བཞོན་ཐུབ་ཀྱི་ཡོད་པར་བརྟེན། དུས་རྒྱུན་སྦག་སྦག་བཞོན་ནས་སྤོ་ལོ་རྒྱག་པར་འགྲོ་གི་ཡོད། ལག་རྩེད་སྤོ་ལོ་ནི་ཁོང་གཉིས་ལ་མཚོན་ན་ཁ་བྲལ་ཐབས་མེད་པའི“གྲོགས་པོ”ཞིག་ཏུ་གྱུར་འདུག ངལ་གསོ་ཉིན་གཉིས་གསུམ་ནང་སྦྱོང་ཚན་འབྲི་བའི་དུས་ཚོད་མ་གཏོགས་ཧ་ལམ་སྤོ་ལོ་རྒྱག་པར་འགྲོ་གི་ཡོད།
ད་ལྟ་ཁོང་གཉིས་ནི་ཕ་མ་ལ་ཕན་འདོགས་ཐུབ་པའི་ཕོ་གསར་ཞིག་ལ་འཚར་ཡོད། ཁོང་གཉིས་ནི་ང་ཚོའི་ཁྱིམ་ནང་གི་མ་འོངས་ཀྱི་ཁྱིམ་གཞིས་འདེགས་མཁན་གྱི་ཀ་བ་རུ་འགྱུར་ངེས་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


