http://zw.xzqnb.cn/Content/weixinlogo.png
ནང་དོན་གནས་བསྡུས། དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་གསོ་སློབ་ཁྲ
http://zw.xzqnb.cn/m/content/2026-07/17/001883.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དགེ་སློབ་ཀྱི་འབྲེལ་བས་སློབ་གསོའི་སྤུས་ཚད་འགན་ལེན་ཇི་ལྟར་བྱ་ཚུལ།

等待处理…

༄༅། །དགེ་སློབ་ཀྱི་འབྲེལ་བས་སློབ་གསོའི་སྤུས་ཚད་འགན་ལེན་ཇི་ལྟར་བྱ་ཚུལ།

2026年07月17日

ནང་དོན་གནས་བསྡུས། དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཐོན་པ་ལས་འབྱུང་བ་ཞིག་ཡིན། དེ་ནི་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ནང་དགེ་སློབ་ཕན་ཚུན་བར་གནས་པའི་འོས་བབ་དང་རེ་བའི་ཁྲོད་ནས་སློབ་གསོའི་སྤུས་ཚད་ལེགས་ཉེས་ཀྱི་གྲུབ་ཆ་མངོན་འགྱུར་བྱེད་པའི་གཙོ་གནད་ཡིན་པས། དགེ་སློབ་བར་གྱི་འབྲེལ་བའི་ཁྲོད་ནས་འདྲ་མཉམ་དང་འཆམ་འཐུན། ཡར་ཐོན་བསམ་པ་འཛུགས་སྐྱོང་བྱེད་དགོས།

བརྡ་ཆད་གཙོ་བོ། དགེ་སློབ་འབྲེལ་བ། སློབ་གསོ་སློབ་ཁྲིད། འཛུགས་སྐྱོང་།

དགེ་སློབ་ཀྱི་འབྲེལ་བ་ནི། སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་ང་ཚོས་རྒྱུན་དུ་གླེང་བའི་གྲོས་གཞི་ཞིག་རེད། དེའི་འབྲེལ་བའི་རིགས་ལ་དབྱེ་ན་སློབ་ཁྲིད་ཀྱི་འབྲེལ་བ་དང་བསམ་པའི་འབྲེལ་བ། སྒེར་གྱི་འབྲེལ་བ། ཀུན་སྤྱོད་ཀྱི་འབྲེལ་བ་སོགས་ཤིན་ཏུ་མང་ལ། འབྲེལ་བ་དེ་དག་གི་བརྒྱུད་རིམ་ནི་སློབ་གསོ་སློབ་ཁྲིད་ཁྲོད་ཁ་བྲལ་ཐབས་མེད་པའི་འཕྲུལ་འཁོར་གྱི་ལྷུ་ལག་ལྟ་བུ་ཞིག་ཡིན་པ་མ་ཟད། ཕན་ཚུན་གཅིག་ལ་གཅིག་རྟེན་རང་བཞིན་གྱིས་སློབ་གསོའི་སྤུས་ཚད་མཐོར་འདེགས་ལས་ཀར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་དགེ་སློབ་འབྲེལ་བ་དེ་རིགས་སློབ་པ་དང་སྦྱོང་བའི་ཁྲོད་དུ་ཡང་དག་ངང་དོ་ནན་ཆེན་པོས་ཕྱོགས་རེས་ཀྱི་ལྟ་ཚུལ་སྤངས་ཏེ་མཉམ་གནས་གོང་འཕེལ་རྒྱུན་འཁྱོངས་ཤིག་བྱུང་ན། སློབ་ཁང་སློབ་ཁྲིད་ཀྱི་ལས་བྱ་དུས་ཐོག་ཏུ་སྤེལ་བར་འགོག་རྐྱེན་མེད་ལ། སློབ་ཁྲིད་ཀྱི་དམིགས་ཚད་དེ་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་ཡོང་ཐུབ་པས། དགེ་སློབ་འབྲེལ་བ་ནི་དོན་དངོས་ཐོག་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་བྱ་བའི་དགག་རྩ་དེ་ཡིན།

གཅིག། དགེ་སློབ་འབྲེལ་བ་ནི་སློབ་གསོ་སློབ་ཁྲིད་བྱེད་ནུས་ཀྱི་གཙོ་བའི་འགྱུར་ཚད་ཡིན།

དགེ་སློབ་འབྲེལ་བ་ནི་གང་ལ་གང་འཚམ་གྱི་རང་བཞིན་དུ་གྲུབ་པ་ཞིག་མ་ཡིན་པར། དེ་ནི་གོང་རིམ་དང་རྩ་འཛུགས་བརྒྱུད་པ་ལས་གྲུབ་པ་ཞིག་ཡིན། དེའི་འབྲེལ་བའི་འཁོར་རྒྱའི་ཁྲོད། སློབ་ཁྲིད་འབྲེལ་བ་དང་བསམ་པའི་འབྲེལ་བ། སྒེར་གྱི་འབྲེལ་བ་དང་ཀུན་སྤྱོད་འབྲེལ་བ་སོགས་ཚུད་ཡོད། དེ་ཡང་སློབ་ཁྲིད་འབྲེལ་བ་ནི་དགེ་སློབ་འབྲེལ་བའི་རྨང་གཞི་ཡིན། གལ་ཏེ་སློབ་ཁྲིད་འབྲེལ་བ་དེ་དགེ་སློབ་བར་མ་གནས་པའམ་མེད་པ་ཡིན་ན། དེ་དང་མཉམ་གནས་ཀྱི་འབྲེལ་བ་གཞན་ཡོད་ཚད་ལ་གཞི་འཛིན་ས་དང་དོན་སྙིང་མེད་པར་འགྱུར། དེས་སློབ་ཁྲིད་འབྲེལ་བ་ལས་སློབ་མ་དང་དགེ་རྒན་སོ་སོའི་ནང་བསམ་པའི་འགྱུར་བ་སྣ་ཚོགས་སྤེལ་རེས་ཀྱིས་གྲུབ་པའི་བསམ་པའི་འབྲེལ་བ་བྱུང་། ཤེས་བྱ་དང་བསམ་པ་གཉིས་གཅིག་ཏུ་འགྱུར་ཏེ་ཀུན་སྤྱོད་ཀྱི་འབྲེལ་བ་མངོན་ཐབས་བྱེད། དེར་བརྟེན། གོང་གསལ་འབྲེལ་བ་དེ་རིགས་ནི་དགེ་སློབ་འབྲེལ་བའི་ཁྲོད་ཚན་རིག་དང་མཐུན་པའི་སྒོ་ནས་ཡང་དག་འཛུགས་སྐྱོང་ཐུབ་ན། རིག་གནས་སློབ་གསོ་སློབ་ཁྲིད་ཀྱི་བྱེད་ནུས་གཙོ་བའི་འགྱུར་ཚད་དུ་གྲུབ་པ་མ་ཟད། དགེ་སློབ་སོ་སོར་ཐེབས་པའི་ཤུགས་རྐྱེན་ཡང་ཕྱོགས་གསུམ་གྱི་ཐོག་ནས་མངོན་ཡོང་གི་ཡོད་པ་སྟེ། ༡ དགེ་རྒན་རང་ངོས་ནས་བལྟས་ན། སློབ་མས་དད་གུས་ཐོབ་པའི་དགེ་རྒན་ཞིག་ཡིན་ཕྱིར་ཁོ་ཚོས་རྒྱུན་དུ་ཤེས་བྱ་གསོག་འཇོག་དང་། སློབ་ཁྲིད་བྱ་ཐབས་ལ་བསམ་གཞིགས་དང་གསར་ལེན་རྙིང་དོར་བཅས་བྱས་ཏེ། སློབ་མའི་རེ་བ་སྐོང་གང་ཐུབ་བྱེད་པའི་བློ་སྟོབས་དང་བརྩེ་བ་དེ་ལྡན། འོན་ཏེ་སློབ་ཕྲུག་གི་དང་ལེན་མེད་པའི་དགེ་རྒན་ཞིག་ཡིན་ན། དགེ་སློབ་འབྲེལ་བ་དེ་ཡང་ཕྱི་ཚུལ་གྱི་རྣམ་པ་ཙམ་མ་གཏོགས་སློབ་ཁྲིད་ཀྱི་འགན་ལེན་ལ་ནུས་པ་བཟང་པོ་དང་སྤུས་ཚད་ལྡན་པ་ཞིག་ཡོང་བར་དཀའ། ༢ སློབ་ཕྲུག་རང་ངོས་ཀྱི་བལྟས་ན། དགེ་རྒན་གྱི་བྱམས་བརྩེ་དང་གཅེས་སྐྱོང་ཐོབ་པའི་སློབ་ཕྲུག་ཅིག་ཡིན་ཕྱིན་རང་ཉིད་ཀྱི་སེམས་ནང་དགའ་སྣང་གི་སྤྲོ་བས་ཁེངས་ལ། ཤེས་བྱ་ཡོན་ཏན་སྦྱོང་འདོད་ཆེ་ཞིང་། རང་ཉིད་བདེ་ཐང་གི་འཚར་ལོངས་ལམ་བུར་དགེ་རྒན་གྱི་ཁ་ཏ་བསླབ་བྱར་བརྩི་འཇོག་བྱེད། ༣ དགེ་སློབ་གཉིས་ཀྱི་འབྲེལ་བའི་རང་ངོས་ནས་བལྟས་ན། མཛའ་བརྩེ་ཟབ་པའི་དགེ་སློབ་འབྲེལ་བས་ཕྱོགས་གཉིས་པོའི་ལེགས་བྱ་སྤེལ་རེས་དང་སློབ་གསོ་སློབ་ཁྲིད་བྱེད་སྒོའི་ཁྲོད་ཕན་ཚུན་གཞོགས་འདེགས་ཟབ་ལ། དེ་བཞིན་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོའི་འཛུགས་སྐྱོང་འོག ད་གཟོད་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་རིམ་བདེ་མོ་ཞིག་སྤེལ་བའི་ཆ་རྐྱེན་བསྐྲུན་ཐུབ། དེས་དགེ་སློབ་འབྲེལ་བའི་ཁྲོད་བཞག་པའི་བབ་ཆགས་ནི་ཕན་ཚུན་འགྲོ་འོང་སྤེལ་རེས་ལས་ཐོན་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་དེའོ། །

དེའི་ཕྱིར། དགེ་སློབ་འབྲེལ་བ་ནི་སློབ་གསོ་སློབ་ཁྲིད་བྱེད་ནུས་ཀྱི་གཙོ་བོའི་འགྱུར་ཚད་ཙམ་མ་ཟད། དགེ་རྒན་གྱི་རིག་གནས་སློབ་ཁྲིད་ཀྱི་རྒྱུ་རྩལ་ནུས་པ་མཐོར་འདེགས་དང་སློབ་མའི་སློབ་སྦྱོང་ཧུར་བརྩོན་རང་བཞིན་ཇེ་མགྱོགས་གཏོང་བའི་དགེ་མཚན་ལྡན་ཡོད་ལ་སློབ་གསོ་སློབ་ཁྲིད་ཀྱི་ཚོར་འདུ་རིན་ཐང་མངོན་འགྱུར་ཐུབ།

གཉིས། དགེ་སློབ་འབྲེལ་བའི་ཁྲོད་ཕན་ཚུན་རེ་སྒུག་མཚོན་པའི་སློབ་ཁྲིད་ཀྱི་ངོ་བོ་ལྡན་དགོས།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་ནང་། སེམས་ཁམས་རིག་པ་བ་ནོའི་སན་ཐ་ཨར་སོགས་ཀྱི་ཉམས་མྱོང་དངོས་ལས་ར་སྤྲོད་ཐུབ་པའི་བརྩམས་ཆོས་《རེ་སྒུག་ལས་ཐོབ་པའི་ཕན་ནུས་》ཞེས་པ་དེའི་ནང་སྔོན་ལ་དགེ་རྒན་གྱིས་འཕེལ་རྒྱས་རང་བཞིན་ལྡན་པའི་བྱིས་པར་འཕེལ་རྒྱས་ཡོང་ཐུབ་མིན་དམིགས་ཚད་དུ་འཛིན་ཏེ། དུས་ཡུན་ཟླ་བ་ཁ་ཤས་སྤྱད་ནས་དེའི་ནང་ཁོ་ཚོའི་འགྱུར་ལྡོག་ལ་བལྟས་རྗེས་གང་ལ་གང་འཚམ་གྱི་འཕེལ་རྒྱས་བཟང་པོ་ཕྱིན་པའི་ནུས་པ་ཞིག་ཐོན་གྱི་ཡོད་པ་ཤེས། དེར་བརྟེན། དགེ་སློབ་འབྲེལ་བའི་ཁྲོད་རེ་སྒུག་གི་དམིགས་ཡུལ་ལ་བརྟེན་ནས། སློབ་མའི་འཕེལ་རྒྱས་ལ་བལྟ་རྟོགས་བྱ་རྒྱུ་ནི་དགེ་སློབ་འབྲེལ་བའི་སློབ་གསོ་འཛུགས་སྐྱོང་བྱ་བར་མེད་དུ་མི་རུང་བའི་དགོས་པ་ལྡན། གང་ལགས་ཤེ་ན། དགེ་རྒན་གྱི་ཡང་དག་པའི་རེ་སྒུག་ནང་སློབ་མའི་འཚར་ལོངས་སུ་འགྲུབ་པའི་སེམས་ཁམས་དང་ཤེས་རིག ཀུན་སྤྱོད་དང་གོམས་གཤིས་སོགས་ལ་བྱམས་བརྩེ་དང་ངང་རྒྱུད་རིང་པོའི་གཤིས་རྒྱུད་ལ་བརྟེན་དགོས་པས། ངེས་ཅན་གྱི་དུས་རིམ་བརྒྱུད་ན་མ་གཏོགས་འཕེལ་རྒྱས་ཆ་ཚང་ཞིག་ཡོང་དཀའ། དེ་ན་སློབ་གསོ་སློབ་ཁྲིད་ནི་ཕན་ཚུན་རེ་སྒུག་ཁྲོད་ནས་དགེ་སློབ་འབྲེལ་བ་འཛུགས་སྐྱོང་བྱེད་དགོས།

དགེ་སློབ་འབྲེལ་བ་ནི་དོན་དམ་དུ། དགེ་སློབ་མཉམ་དུ་ཤེས་བྱ་འཚོལ་བསྡུ་དང་མི་གཤིས་གསོ་འཕེལ། བསམ་པའི་གོ་རྟོགས་ཀྱི་རིན་ཐང་མངོན་འགྱུར་བྱེད་ཆེད་ཡིན་སྟབས། དགེ་རྒན་གྱི་རེ་སྒུག་ནི་སློབ་ཕྲུག་གི་ཤེས་རིག་བྱང་ཚད་མཐོར་འདེགས་དང་འཕེལ་རྒྱས་གཏོང་རྒྱུ་ཙམ་མ་ཟད། བསམ་པའི་བློ་སྟོབས་ཁེངས་ལ། ལྷག་པར་དུ་ཀུན་སྤྱོད་ཡར་འཕེལ་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་དགོས། དེའི་ཕྱིར་དགེ་སློབ་འབྲེལ་བའི་ལམ་བུའི་ཁྲོད་སློབ་མ་ཚོར་དགེ་རྒན་གྱིས་ཐུགས་ཁུར་དང་བསྟོད་བསྔགས་གནང་རྒྱུ་ནི་ཁ་བྲལ་ཐབས་མེད་ལ། སློབ་མར་རེ་སྒུག་གནང་རྒྱུ་དེ་ཡང་དགེ་རྒན་གྱི་འགན་འཁྲི་དང་ཡིད་རྟོན་གྱི་འགུལ་ཤུགས་ལྟ་བུ་ཞིག་ཡིན། དེའི་འགྱུར་མེད་རང་བཞིན་ལ་ཕུན་སུམ་ཚོགས་པའི་བརྩེ་སེམས་ཀྱི་རྣམ་འགྱུར་ལྡན་ལ། སློབ་གསོའི་ཁྱད་ཆོས་དང་འཚམ་པའི་ཐབས་ལམ་སྣ་ཚོགས་འདུས་པས། སློབ་ཕྲུག་རྣམས་རང་འགུལ་གྱི་མྱོང་བ་ནས་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་དང་རང་གི་རང་ལ་ཡིད་ཆེས་རྙེད་ཐུབ་ཅིང་། སློབ་གྲྭའི་ནང་རང་ཉིད་ཀྱི་སྒྲིག་ལམ་ནན་སྲུང་དང་།

སློབ་སྦྱོང་ནན་ཏན། དཀའ་སྤྱད་འབད་བརྩོན་བཅས་ཀྱི་ཐོག་ནས་སློབ་སྦྱོང་འོས་འགན་ལེགས་སྒྲུབ་བྱེད་པའི་རྨང་གཞི་གཏིང་ཐུབ་པ་མ་ཟད། དགེ་རྒན་གྱི་རེ་བ་དང་ཡིད་ཆེས་མངོན་འགྱུར་བྱེད། མཛའ་མཐུན་ཟབ་པའི་དགེ་སློབ་འབྲེལ་བ་ནི་དགེ་སློབ་ཕན་ཚུན་རེ་སྒུག་བྱེད་དགོས་པ་ལྟ་བུ་ཞིག་ཡིན་པ་སྟེ།

༡ དགེ་རྒན་གྱི་རེ་སྒུག་ནི། དགེ་རྒན་གྱི་བྱམས་བརྩེའི་ཁོག་ཡངས་ལས་སློབ་མའི་ལུས་སེམས་ལ་བབ་ཆགས་བཟང་པོའི་མྱོང་བ་བསྐྲུན་ཏེ་སྤྱོད་ཡོན་གཉིས་ལྡན་ཕྱོགས་སུ་ཁ་ལོ་བསྒྱུར་ནས། རང་ལས་རིགས་ཀྱི་བརྩེ་བའི་བྱ་སྤྱོད་ཀྱི་འདུ་ཤེས་མཐོར་འདེགས་དང་སྦྲགས། སློབ་མའི་འཚར་ལོངས་ལམ་བུར་རེ་སྒུག་གི་ཕན་ནུས་ཐོན་ཐབས་ལ་དམ་འཛིན་བྱེད་དགོས། ༢ སློབ་ཕྲུག་གི་རེ་སྒུག་ནི་སློབ་མ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་། སློབ་སྦྱོང་དང་འཇོན་ཐང་། བློ་རིག་དང་གཤིས་ཀ་སོགས་ཕྱོགས་གང་ཅིར་སྤྱིའི་ཆ་ནས་དགེ་རྒན་གྱི་སློབ་གསོ་དང་ཁ་བྲལ་ཐབས་མེད་པ་མ་ཟད། སློབ་མ་རང་ཉིད་ཀྱི་སྦྱོང་ཚད་དང་དེ་བས་ཁ་བྲལ་ཐབས་མེད། ཡིན་ཡང་སློབ་མའི་སློབ་སྦྱོང་སོགས་ཀྱི་ཡར་ཐོན་སྒུལ་ཤུགས་ཀྱིས་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་བྱར་མ་འདང་བའི་ཆའམ་ཁ་གསབ་བསྒྱུར་བཅོས་བྱེད་དགོས་པའི་བླང་བྱ་ཡང་མི་ཉུང་བ་ཞིག་འདོན་བཞིན་ཡོད་པས། དེ་དག་ནི་སློབ་མ་རང་ཉིད་འཕེལ་རྒྱས་རེ་སྒུག་དུ་ཁ་ཚ་དགོས་གཏུག་གི་རེ་བ་ཡིན་སྟབས། དགེ་རྒན་ནས་རང་ཉིད་ཀྱི་མདུན་དུ་ལྷག་པའི་གནད་དོན་དེ་རིགས་ལ་དབྱེ་ཞིབ་དང་སློབ་སྦྱོང་བྱས་ཏེ། སྐབས་བསྟུན་གྱི་དུས་རབས་དང་འཚམ་པའི་སློབ་ཁྲིད་གནང་སྟངས་བསྒྱུར་བཅོས་དང་རིག་གནས་ཆུ་ཚད་མཐོར་འདེགས་ཀྱི་ཆ་འཕྲིན་རིག་ནུས་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་ནས། དེང་སང་སློབ་མའི་རེ་སྒུག་གི་གནད་དོན་ཆུད་ཟོས་དུ་མི་བཏང་བར་སློབ་མའི་གསར་གཏོང་དང་རང་འགུལ་གྱི་སྟོབས་ཤུགས་ལ་སྐུལ་མ་ཆེན་པོས་དགེ་སློབ་ཕན་ཚུན་རེ་སྒུག་ཁྲོད་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ངོ་བོ་མངོན་འགྱུར་ཡོང་བ་བྱེད་དགོས།

ང་ཚོས་རྒྱུན་དུ་མི་ལ་ངེས་པར་དུ་བློ་སྟོབས་ལྡན་དགོས་ཞེས་སྨྲ་བར་བྱེད་ཀྱི་ཡོད་སྟབས། དགེ་རྒན་གྱི་སེམས་ནང་སློབ་ཕྲུག་ཡོད་དགོས་ལ། རེ་བར་ཡང་ཁོ་ཚོ་མི་སྣ་ཡག་པོ་ཆགས་ཐུབ་པ་དང་ཤེས་ཡོན་ལྡན་པ་ཞིག་ཡོང་བའི་སྙིང་སྟོབས་ཆེན་པོ་བཅངས་ཡོད། བློ་སྟོབས་དེ་ལྟ་བུ་ལྡན་པས་དགེ་རྒན་གྱིས་རང་ཉིད་ཀྱི་སྒོ་གསུམ་སློབ་ཕྲུག་ཐོག་གནས་ཐུབ་པ་དང་། སློབ་ཕྲུག་གིས་ཀྱང་གུས་པར་འོས་པའི་དགེ་རྒན་ཞིག་ཏུ་འགྱུར། འཇིག་རྟེན་ཁ་དཔེ་ལའང་རང་རྩུབ་པོས་འདུལ། གཞན་འཇམ་པོས་འདུལ་ཞེས་པ་ལྟར། འཇམ་རྩུབ་སློབ་གསོ་མགོ་མཇུག་མ་སློག་པ་གནང་རྒྱུར་མཁས་དགོས། དེ་ན་སློབ་ཕྲུག་གིས་དགེ་རྒན་གྱི་རེ་བ་བཞིན་མི་སྣ་ཆགས་ཐུབ་པ་དང་སློབ་སྦྱོང་ཡར་ཐོན་ཡོང་བར་བརྩོན་ལེན་ཆེན་པོའི་སྙིང་སྟོབས་ལྡན། སྙིང་སྟོབས་དེ་ལྟ་བུ་ནི་དགེ་རྒན་སློབ་ཕྲུག་མདུན་གྱི་མིག་དཔེ་གསོན་པོར་འགྱུར་བ་དང་། མཉམ་སྡེབ་ཀྱི་དྲོ་སྐྱིད་ནང་བདེ་ཐང་གི་འཚར་ལོངས་བྱུང་བའི་དཔང་རྟགས་ཡིན་པ་ར་སྤྲོད་ཐུབ་པ་མ་ཚད། མཛའ་མཐུན་ཟབ་པའི་དགེ་སློབ་འབྲེལ་བ་དེ་སློབ་གསོ་སློབ་ཁྲིད་ཀྱི་སྟོབས་ཤུགས་སུ་མངོན་པ་མཚོན།

མདོར་ན། དགེ་སློབ་འབྲེལ་བ་དེ་ཡང་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་དང་བསྟུན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བས། དགེ་རྒན་གྱི་ཕྱོགས་གཅིག་ནས་དགེ་སློབ་འབྲེལ་བ་དེ་སློབ་གསོ་སློབ་ཁྲིད་ཀྱི་དམིགས་ཡུལ་ལ་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དགེ་སློབ་འབྲེལ་བའི་འཛུགས་སྐྱོང་གི་འདུ་ཤེས་ལ་དམ་འཛིན་ཆེན་པོས་ཐུན་མོང་གི་དམིགས་ཡུལ་མངོན་འགྱུར་ཡོང་བར་སློབ་ཁྲིད་ལས་དོན་གྱི་བྱེད་སྒོའི་ནང་ཕན་ཚུན་སློབ་པ་དང་སྦྱོང་བའི་རྨང་གཞིའི་སྟེང་། འདྲ་མཉམ་ལྡན་པའི་སྒོ་ནས་སློབ་མའི་ཡིད་ཆེས་ཀྱི་བརྩོན་སེམས་མ་ཉམས་གོང་འཕེལ་དང་། དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ནུས་རྩལ་དེ་དུས་དང་མཐུན་པའི་གསར་བཅོས་རྙིང་དོར་གྱི་ལེགས་ཆ་ལྡན་དགོས། དེ་བས་ཀྱང་ཕན་ཚུན་རེ་སྒུག་ཁྲོད་ནས་སྦྱངས་པའི་ཡོན་ཏན་གྱིས་སློབ་བུ་སྐྱོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་།

ལྷག་པ་ནོར་བུ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博