
འདི་ནི་ལྷ་སའི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཡུལ་དངོས་ཡིན།
ཉེ་ཆར་2026ལོའི“ལང་ཚོ་གཏོད་པའི”ལྷ་སའི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བ། འགྲན་བསྡུར་དེ་ཟླ་5པ་ནས་འགོ་ཚུགས་པ་དང་དུས་ཡུན་ཟླ་བ་གཉིས་ཙམ་རིང་གཞོན་ནུ་ཁྲི་ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ལས་གཏོད་རྣམ་གྲངས་120ཡི་མིང་ཐོ་བཀོད་ནས་འགྲན་བསྡུར་བྱས་པ་རེད། མཐར་སྤུས་ལེགས་རྣམ་གྲངས་16བདམས་ཏེ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད།
འགྲན་བསྡུར་ཆེ་མོར“ལང་ཚོའི་ཕུགས་འདུན་ས་མཐོར་མངོན། ལས་གཏོད་ནུས་པ་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གསར་གཏོད་དང་། ཐོག་མའི་གསར་གཏོད། འཚར་ལོངས་བཅས་འགྲན་བསྡུར་ཚོགས་ཆུང་གསུམ་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་ཐོག་མའི་འགྲན་བསྡུར་དང་། གྲོང་ཁྱེར་རིམ་པའི་ཐོག་མའི་འགྲན་བསྡུར། གྲོང་ཁྱེར་རིམ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བཅས་འགྲན་བསྡུར་བརྒྱུད་རིམ་ཆ་ཚང་ལེ་ལག་ཚང་བ་བྱས་ཡོད་པ་རེད། འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་དེ་ལྷ་སའི་དེང་རབས་ཅན་གྱི་ཐོན་ལས་བཀོད་སྒྲིག་དང་དམ་པོར་འབྲེལ་ཡོད་ཅིང་། ས་མཐོའི་ཚན་རྩལ་གསར་གཏོད་དང་བོད་ཀྱི་རིག་གནས་གསར་གཏོད། ཁྱད་ལྡན་ཞིང་འབྲོག་ལས་སྣོན། བློ་རིག་རིག་གནས་ཡུལ་སྐོར། སྣོད་བཅུད་ཞིང་ལས། བོད་སྨན་བདེ་ཐང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་གཞོན་ནུར་ཕན་པའི་རོགས་སྐྱོར་བྱ་ཐབས་ཁག་13བཏོན་པ་དེ་དག་ལས་གཏོད་མ་དངུལ་དང་སྡོད་ཁང་བདེ་འཁོད། སྲིད་ཇུས་སྦྲེལ་མཐུད། མ་དངུལ་བསྡུ་སྒྲིལ་གྱི་རོགས་སྐྱོར་སོགས་ཁྱབ་ཁོངས་ནང་ཚུད་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི་གཞོན་ནུ་འཕེལ་རྒྱས་ཀྱི་ཐབས་ཇུས་དོན་འཁྱོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སྤྱོད་ལག་བསྟར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་ནི་ས་གནས་དེ་གའི་སྤུས་ལེགས་ལས་གཏོད་རྣམ་གྲངས་སྔོག་འདོན་དང་གཞོན་ནུ་ཤེས་ལྡན་མི་སྣ་ལྷ་སར་གཞི་ཚུགས་པར་བསྡུ་ལེན་བྱས་ཏེ་གསར་གཏོད་དངོས་སྒྲུབ་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རོགས་འདེད་བྱ་རྒྱུ་ཡིན་པ་རེད།
གསར་གཏོད་ཚོགས་ཆུང་གི་བྱ་དགའ་རིམ་པ་དང་པོའི་རྣམ་གྲངས《འབུ་ཕྲའི་སྲུང་སྐྱོང་ས་མཐོར--འབུ་གནོད་སྐྱེ་དངོས་འགོག་བཅོས་འབུ་ཕྲའི་རིགས་སྔོག་འདོན་དང་བེད་སྤྱོད》ཀྱི་འགན་འཁུར་བ་ལིའུ་ལེ་ལེས་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་སྐོར་གླེང་སྐབས། འགྲན་བསྡུར་ཆེ་མོ་ནི་ཆེད་ལས་འཛུགས་པ་དང་དྲང་གཞག་གིས་འགྲེམས་སྟོན་སྤེལ་རེས་ལས་སྟེགས་བསྐྲུན་པ། རིགས་གཅིག་མཁས་ཅན་གྱིས་རེས་སྐོར་མང་པོའི་ཞིབ་དཔྱད་བྱས་ནས་རྣམ་གྲངས་ལག་རྩལ་ལེགས་སུ་གཏོང་བ། ཁྲོམ་ར་དོན་འཁྱོལ་བྱེད་པ། ཐོན་ལས་འབྲེལ་མཐུད་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་མཛུབ་ཁྲིད་བྱས་པ། དུས་མཚུངས་བོད་ཁུལ་དུ་གཏིང་ཟབ་རྨོ་འདེབས་བྱེད་པའི་གཞོན་ནུ་ལས་གཏོད་འབོར་ཆེན་ཞིག་ངོས་འཛིན་ཐུབ་པ། ཐོན་ཁུངས་ཕན་ཚུན་སྤེལ་རེས་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་ཀྱི་ལས་གཏོད་གྲོགས་ཚོགས་ཐོབ་ཡོད་ཅེས་བཤད།
“འགྲན་བསྡུར་ཆེན་པོས་ང་ཚོའི་སྣོད་བཅུད་ཚན་རྩལ་གསར་གཏོད་ལག་རྩལ་མི་དེ་བས་མང་བ་མཐོང་བ་མ་ཟད། ང་ཚོ་ལྷ་སར་བསྡད་ནས་ས་མཐོའི་ལྗང་མདོག་ཞིང་ལས་གཏིང་ཟབ་གཏོང་བའི་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ཡོད”ཅེས་ལིའུ་ལེ་ལེ་ཡིས་བཤད།
ཚེ་རིང་ཐར་གྱིས་བསྒྱུར།


