ལང་ཚོའི་བློ་རིག་དར་བའི་དུས་སུ་བུ་མོ་ཐག་རིང་རྒྱང་ལ་འགྲོ་དགོས། ཡབ་ཡུམ་སེམས་པ་སྐྱོ་བ་མ་གནང་གཞན་ཡུལ་བསྐོར་ནས་ཕ་ཡུལ་ལ་ལོག་ཆོག
རང་ཡུལ་གད་པ་ཡིན་ཀྱང་སྐྱིད་ཅེས་པའི་གནའ་མིའི་ཁ་དཔེ་ལྟར། ད་ཆ་གཞན་ཡུལ་འགྲིམས་ནས་མི་ཚེའི་རིན་ཐང་འཚོལ་བར་འགྲོ་མཁན་གྱི་གུས་མོ་ང་ལ་ཡང་བློ་སྐྱེད་དེ་ལྟར་བྱུང་མྱོང་། རེད་ལགས། བུ་མོ་ང་ལ་འདམ་སྐྱེས་ལྟ་བུའི་མཛེས་སྡུག་མེད་ལ་མགྱོགས་འགྲོ་ལྟ་བུའི་བང་རྩལ་ཡང་མེད། འོན་ཀྱང་ངས་གཞན་ཡུལ་འགྲིམས་རུང་ཕ་སྐད་བརྗེད་ན་ངོ་ཚ་ཡིན་པ་ཤེས་ལ། རང་སྐད་སྲོག་དང་གཞན་སྐད་རྒྱན་ཞེས་པའི་གནས་ལུགས་དེའང་ངའི་སེམས་ནང་མེ་ལོང་བཞིན་གསལ།
ཨེ་མ། ཕྱི་དྲོའི་ཚ་ཟེར་ནུབ་ནས་ཡིབ་སོང་། བྱ་འདབ་ཆགས་ཚང་ལ་འཁོར་བའི་དུས་ཕ་ཡུལ་གྱི་མཛེས་ལྗོངས་དེ་གུས་མོའི་བློ་ལ་ངམ་ཤུགས་ཀྱིས་དྲན་ཡོང་། གནས་འདིའི་གྲངས་ལས་འདས་པའི་ཐོག་རྩེག་ཁང་ཆེན་ནི་སྦྲ་ནག་གྲུ་བཞིའི་སྐུ་ཚབ་རེད། ཁང་ཆེན་ཁ་བས་གཡོགས་པའི་དུས་སུ་སྦྲ་ནག་གྲུ་བཞིའི་ཚ་དྲོད་ཡིད་ལ་འཁོར། ང་འགྲོ་སའི་ས་ཆ་ཇེ་མང་རེད་ལ་ང་འགྲོ་སའི་ལམ་ཐག་ཇེ་རིང་རེད། ང་འཚོ་སའི་ཡུལ་ལུང་ཡང་ཇེ་མང་རེད། གཞན་ཡུལ་འགྲིམས་དུས་ཁ་བ་བུ་ཡུག་ཇི་ལྟར་འཕྲད་ནའང་རྒྱ་མཚོའི་ཁུག་རྟ་ལྟར་དེ་ལས་རྒྱལ་ཁ་ཐོབ་པ་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་ནི་དུས་རབས་གསར་པའི་བདག་པོ་དང་རྒྱུན་འཛིན་མཁན་ཡིན། ང་ཅག་གིས་གཞན་གྱི་བྱེད་མི་ཕོད་པ་བྱེད་དགོས། གཞན་གྱི་བསམ་མི་ཕོད་པ་བསམ་དགོས། གཞན་ཡུལ་ལ་འགྲིམས་ཕོད་པས་ང་ཚོར་འབྲས་བུ་ཐོབ་པར་ངེས།
ཕ་ཡུལ་ལགས། ཁྱེད་ཀྱི་མཛེས་ལྗོངས་དེ་ཡིད་ལ་འཁོར་སོང་། ཕྱི་དྲོའི་དུས་འདིར་སྤྲིན་དམར་ཆུ་ལྷའི་ཕྱོགས་སུ་འཆར་ཡོང་། སྦྲ་ནག་གྲུ་བཞིའི་ནང་ནས་འབྲོག་པའི་དགོད་སྒྲས་ཁེངས་སོང་། སྦྲ་ནག་གྲུ་བཞིའི་ཕྱི་ལ་དུ་བ་དགུང་ལ་འཕྱུར་ནས་ཐང་དཀར་རྒོད་པོ་དང་མཐོ་ཚད་འགྲན་འདོད་པ་ལྟར། གསན་དང་། ཨ་ཅེ་འབྲོག་མོའི་གླུ་དབྱངས་ལེན་པའི་གསུང་སྐད་དེ་བྱིའུ་ཆུང་འཇོལ་མོ་དང་འགྲན་འདོད། ད་ཆ་དེ་ཚོ་ངའི་སེམས་ལ་ལྷང་ལྷང་འཁོར་ཡོང་། རང་ཡུལ་རྒྱབ་ལ་བསྐྱུར་ནས་གཞན་ཡུལ་འགྲིམས་པའི་འཚོ་བའི་ནང་དཀའ་ངལ་དང་མི་སྐྱིད་པ་མང་པོ་ཡོད་པ་ལོས་ཤེས། འོན་ཀྱང་ངས་ཕུགས་བསམ་ཆེད་དུ་མུ་མཐུད་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ནས་འབད་པ་བྱེད་དགོས་པ་ཤེས། ཕ་མའི་རེ་བ་ཆུད་ཟོས་མི་གཏོང་བའི་ཆེད་དུ་འབད་དགོས་པ་དེ་བས་ཤེས། གཞན་ཡུལ་འགྲིམས་པ་མིག་གི་ལྟ་རྒྱ་དང་ཁོག་གི་བློ་རྒྱ་ཇེ་ཆེར་གཏོང་བའི་ཆེད་དུ་ཡིན་པ་དེ་ལོས་ཤེས།
ས་ཐག་རིང་ཡུལ་ལ་བལྟ་དུས། །ལམ་སྐྱ་མོ་གནམ་གྱི་མཐའ་ཡིན། །ས་འདི་ཡི་ས་མིང་མི་ཤེས། །ཡུལ་འདི་ཡི་ཡུལ་མིང་མི་ཤེས། །ང་འགྲོ་རོགས་དུང་བྱ་དཀར་མོ། །ང་སྡོད་སའི་གནས་ཚང་གང་ཡིན། །སོས་ཀ་སླེབས་པའི་དུས་སུ། །གངས་དཀར་སེམས་པ་མ་སྐྱོ། །དབྱར་སྟོན་ཡོལ་བའི་དུས་དེར། །ཡང་བསྐྱར་ཁྱེད་དང་འཕྲད་ཡོང་། ། གཞན་ཡུལ་འགྲིམས་པའི་བུ་མོ། །སེམས་པ་སྐྱོ་བ་མ་གནང་། །ཡོན་ཏན་ཡར་ཚེས་འཕེལ་དུས། །ཕ་ཡུལ་འཕྲད་པའི་དུས་རེད། །དཀར་གསལ་ཟླ་བ་ཤར་དུས། །ཕ་ཡུལ་ཡིད་ལ་འཁོར་བྱུང་། །གཞན་ཡུལ་འགྲིམས་པའི་བུ་མོ། །སེམས་པ་སྐྱོ་པོ་རང་བྱུང་། །འཛོམས་པའི་མཐའ་མ་བྲལ་བ། །ཡང་བསྐྱར་མཇལ་འདོད་རང་བྱུང་། །ཡོན་ཏན་འཕེལ་བའི་སྐབས་དེར། །ཁྱེད་དང་སླར་ཡང་མཇལ་ཡོང་། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༩)
ཟུར་ཁྲིད་དགེ་རྒན། ལྷ་མོ་ཚེ་རིང་།


