དགུན་ཁ་སླེབས་ལ་ཉེ་བས་འདི་འདྲའི་གྲང་བ་ལ་ཨང་། བསམ་བློ་བཏང་ཚེ་ང་ད་ཆ་མཐོ་རིམ་སློབ་འབྲིང་གི་སློབ་མ་ཞིག་ཡིན། འཛིན་གྲྭའི་ནང་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་སྒྲོག་ཅིང་། ཕྱིར་བལྟས་པ་ན་ང་རང་དམའ་འབྲིང་ལོ་རིམ་དགུ་པའི་སྐབས་ཀྱི་འབད་བརྩོན་གྱི་རྣམ་པ་ཡང་ཡིད་ལ་ལྷང་ངེར་དྲན་བྱུང་།
སྟོན་དུས་ནི་འབྲས་བུ་སྨིན་པའི་དུས་ཤིག་ཡིན། ང་རང་གི་ངོས་ནས་བཤད་ན་འདི་ཡང་ངའི་དམའ་འབྲིང་མཇུག་སྒྲིལ་བའི་དུས་ཤིག་ཡིན། ང་རང་ལོ་རིམ་དགུ་པའི་དུས་སུ་བྱང་ཐང་དུ་ཕ་མཐར་རྒྱུགས་པའི་རྟ་རྒོད་ཞིག་དང་འདྲ་བར་སྟོབས་ཤུགས་ཡོད་ཚད་ཀྱིས་དུས་ཚོད་དང་འགྲན་ནས་སློབ་སྦྱོང་བྱེད་སྐབས། ངའི་ཉེ་འགྲམ་དུ་བྱ་སྤུ་ཞིག་ས་སྟེང་དུ་མར་ལྷུང་ཡང་སྐད་སྒྲ་གོ་མི་སྲིད། སྟོན་དུས་རླུང་བུ་འུར་འུར་དུ་སྒྲོག་པ་ནི་བུད་མེད་ཞིག་ངུ་བའི་སྒྲ་མིན་ནམ་སྙམ་ནས་དོགས་པ་ཡང་ཡང་སྐྱེས། རླུང་ཕྱི་ནས་ནང་དུ་མདའ་འཕངས་པ་ལྟར་ལྡང་ཡོང་སྐབས་ངའི་ལུས་གཟུགས་ལམ་སེང་གྲང་ལྷང་ངེར་བྱེད། ང་རང་འཁྱགས་ནས་སྟོད་གོས་དེ་ཡར་འཐེན་ཙམ་འཐེན་ཙམ་བྱས། སེམས་ནང་འདི་འདྲ་བྱས་ན་ཅུང་དྲོ་བའི་སྣང་བ་འཆར་བཞིན་འདུག ང་རང་སྒྲོན་མེའི་འོག་ཏུ་དཔེ་དེབ་ལྟ་བའི་དུས་སུ། ཤོག་སྟེང་དུ་སྨྱུག་རྩེ་འགུལ་བའི་སྒྲ་ལས་གོ་རྒྱུ་ཅི་ཡང་མི་འདུག་པས། གོང་མ་ལྷས་བསྐྲུན་པའི་འཇིག་རྟེན་དང་དབྱེ་བ་གཉིས་སུ་མ་མཆིས། ཆུ་ཚོད་ཀྱིས་སྐད་སྒྲ་སྒྲོག་ཅིང་དུས་ཚོད་ནི་ཆུ་མོ་ལྟར་མདུན་ཕྱོགས་སུ་བསྐྱོད། གཉིད་ལ་འགྲོ་བའི་སེམས་པ་ཞིག་བུ་ཆུང་ངའི་མིག་ཟུར་ནས་ཡར་འཛེགས་ཏེ་རྨི་ལམ་གྱི་རྒྱ་མཚོར་འགྲོ་གྲབས་བྱེད། ཡིན་ནའང་ལམ་སེང་ཕྱི་ནས་རླུང་བུ་ཞིག་ལྡང་བྱུང་བ་ནི་ངར་སྦྱིན་པའི་སྨན་བཟང་ཞིག་དང་དབྱེ་བ་མེད། འདི་འདྲའི་གྲང་བ་ལ་ངའི་སེམས་ནང་འདི་ལྟར་བསམ། རླུང་བུ་དང་གཉིད་ནི་ངའི་སྦྱང་སེམས་འཕྲོག་པའི་རྐུ་མ་དང་འདྲ་བས་ངའི་གཟུགས་པོ་ཡང་མི་བདེ་བར་གྱུར།
ངས་རིམ་གྱིས་ཅོག་ཙེར་བསྙེས་ནས་བསྡད་པ་ན་ང་རང་ལམ་སེང་གཉིད་ཀྱི་རྒྱ་མཚོའི་ནང་ལྷུང་སོང་། ཉིན་གཉིས་པའི་ཞོགས་པར་ང་རང་མལ་ལས་ལངས་བའི་དུས་སུ་ངའི་མིག་ཟུང་ནི་དུས་ཡུན་རིང་པོར་རླུང་གིས་གཙེས་པ་དང་གཉིས་སུ་མེད། ངའི་མིག་གཉིས་ཀ་དམར་མདོག་ཏུ་གྱུར་བ་དང་། སེམས་གཏིང་ན་མེ་དྲོད་འཁྱིལ་བའི་ཉལ་ཁང་གི་ཉལ་རོགས་ཚོས་ལམ་སེང་འཛིན་བདག་གི་དྲུང་དུ་ཁྲིད་ནས་ངའི་ཨ་ཕར་ཁ་པར་བཏང་སྟེ། སྨན་ཁང་དུ་ཕྱིན། སྨན་ཁང་ནས་བྲལ་ཏེ་ནང་ལ་ལོག་པའི་དུས་སུ་ནམ་མཁའ་ཡོངས་སྤྲིན་ནག་གིས་འཁྲིགས་ཤིང་གསོན་ཉམས་ཅི་ཡང་མི་འདུག ང་རང་གཉིད་ཀྱི་དབང་དུ་འགྲོ་བའི་དུས་གློ་བུར་དུ་ནམ་མཁའི་མཐའ་ནས་གསེར་མདོག་གི་མདའ་ཞིག་འཕངས་པ་ལྟར་ཉི་འོད་འཕྲོས་སོང་། དེ་ནི་དེ་འདྲའི་སྙིང་རྗེ་བ་ལ་ཨང་། ང་ཁྱིམ་དུ་སླེབས་པ་ན། ནུས་ཤུགས་ཡོད་ཚད་ནད་གཞི་དེས་བརྐུས་པ་ལྟར་ཉལ་ཁྲིའི་སྟེང་དུ་ཉལ་ནས་སྡོད་པ་ལས་ཐབས་གཞན་མི་འདུག པཱ་ལགས་ཀྱིས་ང་ལ་ཐུག་པ་ཞིག་ཁྱེར་ཡོང་། ཐུག་པའི་དྲོད་རླངས་ངོ་གདོང་གི་མདུན་དུ་འཕྱུར་ནའང་པཱ་ལགས་ཀྱི་ངོ་གདོང་གསལ་པོ་མཐོང་མ་ཐུབ། ངའི་མིག་མཐའ་ནས་མིག་ཆུ་འཁོར་སོང་། ཐུག་པ་དེ་ཡང་ངས་འཐུང་མྱོང་བའི་ཐུག་པ་ཆེས་ཞིམ་ཤོས་དེ་རེད། གནས་ཚུལ་དེ་ངས་ནམ་ཡང་བརྗེད་མི་སྲིད། རྗེས་སུ་བསམ་བློ་བཏང་ཚེ་དེ་ངའི་སློབ་སྦྱོང་བྱེད་པའི་ནུས་ཤུགས་ཀྱི་ཁུངས་སྣེ་ཞིག་ཏུ་གྱུར་འདུག
ད་ཆ་ང་རང་ནི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཞིག་ཡིན། སློབ་གྲྭའི་རྒྱལ་སྒོ་འཛུལ་མ་ཐག་འདས་པའི་དུས་ཚོད་ཀྱི་འབད་བརྩོན་རྣམ་པ་ཡིད་ལ་ལྷང་ངེར་དྲན་ཏེ་རྗེས་ཀྱི་ལོ་གསུམ་གྱི་སློབ་སྦྱོང་འཚོ་བར་དེ་བས་ཡིད་ཆེས་ཀྱིས་ཁེངས་སོང་། མཚན་མོ་ཉལ་བའི་དུས་སུ་ཡང་ང་རང་གི་དམའ་འབྲིང་ཡིད་ལ་ལྷང་ངེར་དྲན། མི་ཡི་མི་ཚེ་ནི་འོད་སྣང་ལྡན་པ་ཞིག་བྱེད་དགོས། སྒྲོན་མེ་དང་འདྲ་བའི་རང་ཉིད་ཀྱི་ཡོད་ཚད་མེར་བསྲེགས་ནས་མི་གཞན་ལ་འོད་སྣང་སྦྱིན་དགོས། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༥)
ཟུར་ཁྲིད་དགེ་རྒན། དགེ་བསྙེན་ཚེ་རིང་།


