
འདི་ནི་ལྗོངས་ཡོངས་ཀྱི་མཐོ་སློབ་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་ཚོགས་ར་ཡིན།
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་། ཀྲུང་གོ་སྦྲེལ་མཐུད་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་“ལང་ཚོས་ལོ་ལྔ་ཚན་བཅོ་ལྔ་པར་བྱས་རྗེས་བཞག་ནས་དུས་རབས་གསར་པའི་འགན་འཁྲི་འཁུར་དགོས་”ཅེས་པའི་ལྗོངས་ཡོངས་ཀྱི་མཐོ་སློབ་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་སྐབས་གཉིས་པ་གཉེར་བ་རེད། ལྗོངས་ཡོངས་ཀྱི་མཐོ་སློབ་8ནས་ཡོང་བའི་བདམས་ཐོན་པ་16གིས་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འགྲན་བསྡུར་བྱས་པ་རེད།
“དགོད་སྒྲས་ངའི་མེ་ཏོག་དེ་དག་དྲན་བྱུང་། ངའི་ཚེ་སྲོག་གི་གྲུ་ག་སོ་སོར་ཁུ་སིམ་མེར་ངའི་ཆེད་དུ་བཞད་འདུག” བོད་ལྗོངས་ཞིང་འབྲོག་སློབ་ཆེན་ནས་ཡོང་བའི་ཧྥེང་ཐན་གྱིས་གར་སྟེགས་ཐོག་གླུ་དབྱངས་《མེ་ཏོག་དེ་དག》ཞེས་པ་གཏོང་དུས་གར་སྟེགས་འོག་གི་ལྟད་མོ་བ་མི་ཉུང་བ་ཞིག་གིས་གླུ་དབྱངས་ཀྱི་སྒྲ་གདངས་དང་བསྟུན་ནས་གླུ་དབྱངས་ལེན་ཞོར་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་པ་རེད།
འགྲན་བསྡུར་བྱ་ཡུལ་དུ་མི་རིགས་ཁག་གི་གཞོན་ནུ་བདམས་ཐོན་པ་ཚོས་གཞས་ལ་བརྟེན་ནས་ལང་ཚོའི་གཏམ་རྒྱུད་བཤད་པ་དང་འགྱུར་ཁུག་ལ་བརྟེན་ནས་འབད་འཐབ་ཀྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ་རང་ཉིད་ཀྱི་གླུ་གཞས་གཏོང་བའི་སྟོབས་ཤུགས་ངོམས་སྟོན་དང་། དཔྱད་འདེམས་ཨུ་ཡོན་ཚོས་བརྒྱུད་རིམ་ཧྲིལ་པོར་དྲང་གཞག་དང་གཞུང་དྲང་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྒྲ་ཚད་དང་། གདངས་མཚམས། གར་སྟེགས་ཀྱི་མཚོན་ཤུགས། བརྗོད་བྱ་གཙོ་བོའི་མཐུན་ཚད་སོགས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་སྐར་མ་རྒྱག་གི་ཡོད་པ་རེད། མཐར་བོད་ལྗོངས་སློབ་ཆེན་གྱི་བློ་བཟང་བཀྲ་ཤིས་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་ཧྥེང་ཐན་སོགས་ཕུལ་བྱུང་བདམས་ཐོན་པ་10འབུར་དུ་ཐོན་ནས་ལེགས་འགྲུབ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་དམིགས་ཡུལ་ནི་གླུ་གཞས་འབྲེལ་ཐག་ཏུ་བྱས་ནས་མཐོ་སློབ་ཀྱི་ཚོགས་མིའི་གཞོན་ནུ་རྣམས་ཀྱི་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ངང་ཞུགས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་བརྟན་དུ་གཏོང་བ་བཅས་རང་འགུལ་ངང་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དང་འདྲེས་ནས། ལང་ཚོའི་ཕུགས་འདུན་ཆེད་འབད་བརྩོན་དང་གོང་བུ་གཅིག་ཏུ་སྒྲིལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འགན་འཁྲི་འཁུར་རྒྱུ་དེ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།


