
འདི་ནི་མི་དམངས་ཉེན་རྟོག་པས་ཡུལ་མི་ཟླ་བའི་ཁྱིམ་ལ་འཚམས་འདྲི་བྱེད་བཞིན་པ།
གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་བཀྲ་ཤིས་འཛོམས་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་གི་སྒོ་རའི་ནང་མི་དམངས་ཉེན་རྟོག་པ་ཚོས་འབྲས་དང་། བཟའ་སྣུམ། རྒྱ་ཐུག་སྐམ་ཆུན་སོགས་ཉེན་རྟོག་རླངས་འཁོར་ནང་བླུགས་བཞིན་ཡོད།
“དེ་རིང་ང་ཚོ་སྔ་ཙམ་ཐོན་ཏེ་ཡུལ་མི་ཚོར་འཚམས་འདྲིའི་དངོས་པོ་སྐྱེལ་བར་འགྲོ”ཞེས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་བཀྲ་ཤིས་དབང་ཕྱུག་གིས་འཁྱགས་ནས་དམར་སྨུག་ཏུ་གྱུར་པའི་ལག་པ་གཉིས་འཕུར་འཕུར་བྱེད་ཀྱིན་དགོད་འཚེར་འཚེར་ངང་བཤད།
མི་དམངས་ཉེན་རྟོག་པ་ཡོང་མཁན་ཡིན་པ་གོ་ཐོས་བྱུང་རྗེས་བཀྲ་ཤིས་འཛོམས་གྲོང་རྡལ་བུན་རྒྱན་གྲོང་ཚོའི་ཡུལ་མི་ཟླ་བས་སྔ་ས་ས་ནས་ཁང་པའི་སྒོ་ཁར་ལངས་ཏེ་སྒུག་བསྡད། “ཨ་ཁུ་ཟླ་བ་ལགས། བཀྲ་ཤིས་བདེ་ལེགས། སྐུ་གཟུགས་བདེ་པོ་ཡིན་ནམ”ཞེས་བཀྲ་ཤིས་དབང་ཕྱུག་གིས་འཚམས་འདྲི་ཞུས་པ་དང་ཆབས་ཅིག མི་དམངས་ཉེན་རྟོག་པ་གཞན་དག་ཚོའང་འབྲུ་སྣུམ་ཁུར་ནས་ཟླ་བའི་ཁྱིམ་དུ་འཛུལ།
“ད་ལོ་ཁང་པ་གསར་པར་ལོ་གསར་གཏོང་རྒྱུ་བྱུང་བས་སེམས་པ་ཧ་ཅང་སྐྱིད་པོ་བྱུང”ཟླ་བས་དེ་མ་ཉིད་དུ་ཉེན་རྟོག་པ་ཚོར་ཇ་བསྲུབས་མ་བླུགས་ནས་བཀྱག་རྗེས་ཕན་ཚུན་གླེང་མོལ་བྱེད་འགོ་ཚུགས།
“གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ལོ་གསར་གྱི་སྤྲོ་སྣང་དེ་འཚམས་འདྲིར་སྐྱོད་པའི་གོམ་སྒྲའི་ཁྲོད་ནས་མངོན་ལ་དམངས་ཀྱི་སེམས་ཁྲལ་སེལ་བའི་བྱ་སྤྱོད་ཁྲོད་ནས་མངོན་ཡོད”ཅེས་བཀྲ་ཤིས་དབང་ཕྱུག་གིས་གསར་འགོད་པར་བཤད།
ཕྱི་དྲོའི་ཆུ་ཚོད་བཞི་པར་ཁ་པར་གྱི་ཏིར་སྒྲ་གྲགས་པ་དང་ཆབས་ཅིག་བཀྲ་ཤིས་འཛོམས་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་ཡང་ཁུ་སིམ་གྱི་གནས་ལས་དཀྲོགས། “ངའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརླག་འདུག ད་ལྟ་རྐང་པ་ན་ནས་མངགས་གཏོང་ཁང་དུ་སྐྱོད་ཐུབ་པ་མི་འདུག གཟའ་འཁོར་རྗེས་མར་རང་ཉིད་གཞིས་རྩེར་སྨན་རིན་རྩིས་ཞུ་བྱེད་པར་འགྲོ་རྩིས་ཡོད། ཐོབ་ཐང་ལག་ཁྱེར་མེད་པས་གང་འདྲ་བྱས་ན་ལེགས”ཞེས་རུ་ཕུད་གྲོང་ཚོའི་ཡུལ་མི་ཚེ་རིང་ནོར་བུས་སེམས་ཁྲལ་ཆེན་པོས་བཤད།
མི་དམངས་ཉེན་རྟོག་པ་ལེ་ཞའོ་ཧུའུ་ཡིས་འཕྲལ་མར་རླངས་འཁོར་བཏང་ནས་རུ་ཕུད་གྲོང་ཚོར་བསྐྱོད་དེ་རྒན་རྒོན་གྱི་ཆ་འཕྲིན་འཚོལ་བསྡུ་དང་ཞིབ་མཆན་འགོད་རོགས་བྱས།
ལེ་ཞའོ་ཧུའུ་ཡིས་སྒྲིག་ཆས་བསྡུ་ཞོར་དུ་འཛུམ་དམུལ་དམུལ་གྱིས“པཱ་ལགས། ཁྱེད་ཀྱིས་ཆ་འཕྲིན་ཚང་མ་འགྲིག་མིན་གཟིགས་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་གསར་པ་བཟོས་ཚར་མ་ཐག་ང་ཚོས་ཁྱེད་རང་ལ་སྐྱེལ་བར་ཡོང་ཆོག”ཅེས་བཤད།
“དེ་སྔོན་ཐོབ་ཐང་ལག་ཁྱེར་བཟོ་དགོས་ཚེ་ཆེད་མངགས་མངགས་གཏོང་ཁང་དུ་འགྲོ་དགོས། བསམ་ཡུལ་ལས་འདས་པར་ཁ་པར་རྒྱག་ཐེངས་གཅིག་ལ་ཁྱེད་ཚོ་སྒོ་རྩར་ཞབས་འདེགས་ཞུ་བར་སླེབས་བྱུང་། ངའི་སེམས་ཁྲལ་དངོས་གནས་རྦད་དེ་བསལ་སོང”ཞེས་ཚེ་རིང་ནོར་བུས་ཐུགས་རྗེ་ཆེ་ཡང་ཡང་ཞུས།
བཀྲ་ཤིས་འཛོམས་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་དུ་སྒོ་རྩར་བསྐྱོད་དེ་ཞབས་འདེགས་ཞུ་བའི་གནས་ཚུལ་འདི་ལྟ་བུ་རྒྱུན་གཏན་དུ་གྱུར་ཞིང་། མི་དམངས་ཉེན་རྟོག་པས་ལག་ཁྱེར་གཉེར་བའི་སྒྲིག་ཆས་ཁུར་ནས་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུ་བར་བསྐྱོད་དེ། ལྷག་བསམ་རྣམ་དག་གིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད།
“ང་ཚོ་ལོ་གསར་ལའང་ནང་མི་དང་མཉམ་འཛོམས་བྱུང་མེད་ཀྱང་ང་ཚོས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྲུང་སྐྱོང་དང་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཐུབ་པ་དེ་ནི་ང་ཚོ་གནས་སྤོས་མི་དམངས་ཉེན་རྟོག་པའི་གཟི་བརྗིད་ཆེ་ཤོས་ཀྱི་འགན་འཁྲི་རེད”ཅེས་སློབ་སྟོན་པ་དབྱང་ཤིས་ཚུང་གིས་བཤད།
སྤེན་ཚེས་བསྒྱུར།


