འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་འཇིབ་ཆུང་རླངས་འཁོར་ཞིག་གི་ནང་དུ་ན་གཞོན་ཞིག་གིས་མཛུབ་མོས་གློག་རྡུལ་དཔེ་དེབ་ལྟ་བཞིན་གནས། བལྟ་དུས་མི་འདྲ་བའི་རྣམ་པ་འདི་གཉིས་ཀྱིས་ང་ཚོར་གོ་བརྡ་ཞིག་སྤྲོད་བཞིན་ཡོད་དེ། དཔེ་ཀློག་ནི་མིའི་རིགས་ཀྱི་ཤེས་རིག་དེ་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པའི་མེ་སོན་ལྟ་བུའོ། །
སྐྱེ་བོ་ལ་ལས་དཔེ་ཀློག་བྱེད་པ་དེ་ནི་རང་ཉིད་ཀྱིས་དུས་ཚོད་འཕྲོ་བརླག་གཏོང་བ་ཙམ་ལས་གཞན་ཕན་ཐོགས་དང་འབྲས་བུ་གང་ཡང་བྱུང་མི་སྲིད་ཅེས་བཤད་ཀྱི་ཡོད། ངས་བལྟས་ན་སྐད་ཆ་དེ་ནི་ཁུངས་ལུང་མེད་པ་རང་རེད། ལོ་རྒྱུས་ཡུན་རིང་དང་ལྡན་པ་མ་ཟད་མཚར་སྡུག་འོད་སྟོང་འབར་བའི་མི་རིགས་ཤིག་གི་ངོས་ནས་བརྗོད་ན། དུས་ཁོམ་ཡོད་དུས་དཔེ་ཀློག་བྱེད་རྒྱུ་དེ་ནི་མེས་པོས་བཞག་པའི་ཤུལ་བཞག་རིག་གནས་རྣམས་སྲུང་སྐྱོབ་དང་རྒྱུད་འཛིན། དར་འཕེལ་གཏོང་བའི་ཀ་རྡོ་ལྟ་བུ་ཡིན་ལ། འདས་པའི་ལོ་རྒྱུས་ལ་མགོ་འཁོར་ནས་མ་བསྡད་པར་རྨོངས་གཉིད་ལས་སད་དེ་སྤོབས་པ་ཆེ་ཤོས་ཀྱིས་མདུན་སྐྱོད་བྱེད་པའི་རྨང་གཞི་ཡང་ཡིན། མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན། ནམ་རྒྱུན་སློབ་རའི་ནང་དུ་དུས་ཁོམ་ཡོད་དུས་སྔོན་བྱོན་མཁས་པ་རྣམས་ཀྱིས་བརྩམས་གནང་བའི་བརྩམས་སྒྲུང་དང་སྙན་རྩོམ། ལོ་རྒྱུས་དེབ་ཐེར། ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས། སྨན་གཞུང་རྒྱུད་བཞི་ལ་སོགས་མང་ཙམ་བལྟ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། དཔེ་དེབ་ཡག་པོ་བལྟས་པས་ང་ཚོ་ཡི་གོ་རྟོགས་དང་བསམ་བློ་གཏོང་སྟངས། མི་གཞན་དང་འབྲེལ་འདྲིས་བྱེད་སྐབས་ཀྱི་སྐད་ཆ་བཤད་སྟངས་སོགས་གང་ས་སྤྱི་ཐད་ལ་ཕན་ཐོགས་ཆེན་པོ་ཐོན་སྲིད། ང་རང་ཡང་ནམ་རྒྱུན་དཔེ་ཀློག་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་ད་བར་དེབ་མང་པོ་ཀློག་མྱོང་། དེའི་ནང་ནས་བབ་ཆགས་ཆེས་ཟབ་པའི་དཔེ་དེབ་ནི་གླང་མདུན་དཔལ་འབྱོར་ལགས་ཀྱིས་བརྩམས་གནང་བའི«གཙུག་གཡུ»ཞེས་པ་དེ་ཡིན། དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་སུམ་ཅུ་ཡི་སྐབས་ཀྱི་སྤྱི་ཚོགས་རྙིང་པའི་གྲོང་ཁྱེར་ལྷ་སའི་ནང་གི་གནས་བབ་མི་འདྲ་བའི་མི་སྣ་ཕན་ཚུན་བར་གྱི་འབྲེལ་བ་དང་། སྐུ་དྲག་གིས་དམིགས་བསལ་དབང་ཆར་བརྟེན་ནས་མི་རྣམས་ལ་གཉའ་གནོན་གཏོང་བ། མི་སེར་ཕལ་པ་ལ་འཕྲད་པའི་ཆག་སྒོ་སོགས་བརྗོད་ཡོད། དེ་ལས་ང་ལ་ནར་སོན་རྗེས་སྤྱི་ཚོགས་ཐོག་ཆ་རྒྱུས་མེད་པའི་མི་དང་འབྲེལ་བ་བྱེད་དུས་ཡིད་གཟབ་ནན་པོ་བྱེད་དགོས་པ་དང་། ག་དུས་ཡིན་རུང་རང་ཉིད་ལ་ཡིད་ཆེས་བརྟན་པོ་བྱེད་པ། སེམས་ཤུགས་ཆེན་པོས་དཀའ་ངལ་ལས་རྣམ་པར་རྒྱལ་དགོས་པ་སོགས་གནས་ལུགས་མང་པོ་རྟོགས་བྱུང་། ལྟ་ཀློག་བྱས་ཟིན་པའི་དཔེ་དེབ་རེ་རེ་ནི་རིག་གནས་ཀྱི་གཏེར་ཁ་ཡིན་ལ་ཤེས་རིག་གི་མེ་སོན་ཡང་ཡིན།
མདོར་ན་དཔེ་ཀློག་བྱེད་རྒྱུ་དེ་ནི་ལ་མོ་རྒྱག་དུས་ཀྱི་འཁར་བ་དང་། ཆུ་བོ་སྒྲོལ་བའི་ཤིང་ཟམ་ལྟ་བུ་ཡིན་པའི་ཕྱིར། ང་དང་འདྲ་བའི་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་སྔོན་བྱོན་མཁས་དབང་རྣམས་ཀྱི་དཔེ་དེབ་མང་ཙམ་བལྟ་རྒྱུའི་རེ་བ་ཡོད་ལ། དུས་རབས་གསར་པའི་གོམ་འགྲོས་དང་བསྟུན་ནས་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་དང་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཆབས་ཅིག ང་ཚོ་ཡིས་ཡབ་མེས་ཀྱིས་བཞག་པའི་རིག་གནས་དག་དུས་དང་མཐུན་པའི་སྒོ་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་དུ་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་དགོས། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༩)
ཟུར་ཁྲིད་དགེ་རྒན། མཚམས་གཅོད་སྒྲོལ་དཀར།


