ཉེ་ཆར། བོད་ལྗོངས་ཀྱི་རང་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་མི་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་དེས་བོད་ལྗོངས་སུ་རང་སྨྱན་སྦྱོར་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་མཚོན་ཡོད།
ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་རང་སྨྱན་སྦྱོར་མཐུན་ཚོགས་དབུ་མ་བརྙེས་པའི་སྔོན་གྱི་གྲ་སྒྲིག་ལས་དོན་གྱི་སྙན་ཞུ་གསན་པ་དང་ཆོག་མཆན་གནང་ནས་དབུ་བརྙེས་པར་སྒྲོག་སྦྱང་བྱས་ནས།《བོད་ལྗོངས་རང་སྨྱན་སྦྱོར་མཐུན་ཚོགས་ཀྱི་སྒྲིགས་ཡིག(འཆར་ཟིན)》《བོད་ལྗོངས་རང་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་དངུལ་དོ་དམ་བྱེད་ཐབས(འཆར་ཟིན)》གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྐབས་དང་པོའི་ཚོགས་གཙོ་དང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི། ལས་འཛིན་སྡེ་ཚན་དང་ཚོགས་གཙོ་གཞོན་པ་བཅས་འདེམས་ཐོན་བྱུང་བ་རེད།
ཚོགས་འདུའི་ཐོག་བོད་ལྗོངས་མོ་ཐྲོལ་ལས་རིགས་མཐུན་ཚོགས་དང་། ལྷ་ས་གྲོང་ཁྱེར་གྱོན་ཆས་ལས་རིགས་མཐུན་ཚོགས། རང་སྐྱོང་ལྗོངས་བཟའ་བཏུང་མཐུན་ཚོགས་དང་བོད་ལྗོངས་རང་སྨྱན་སྦྱོར་མཐུན་ཚོགས་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
“བོད་ལྗོངས་རང་སྨྱན་སྦྱོར་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁྲིད་སྟོན་མཐའ་འཁྱོངས་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། ཚད་ལྡན་ངང་སྤྱོད་གཙང་ལ་ཤུགས་སྣོན་རྒྱག་པ། རྒྱ་ཁྱབ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལྗོངས་ཡོངས་ཀྱི་རང་སྨྱན་སྦྱོར་ལས་གཉེར་བྱེད་མཁན་རྣམས་མཐུན་སྒྲིལ་སྣེ་ཁྲིད་བྱེད་པར་འབད་བརྩོན་བྱེད་པ། བོད་ཀྱི་དྲ་རྒྱ་དང་སྐྱེ་ཁམས་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། བོད་ཀྱི་བྱ་བ་བཟང་པོ་ཁྱབ་སྤེལ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་པ་”ཞེས་གསར་དུ་བསྐོ་གཞག་བྱས་པའི་ཚོགས་གཙོ་ཚུའེ་ཁྲེང་ཞུའེ་ཡིས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་ཀྱི་ཁོངས་མི་ནི་ཐུན་མོང་ཁོངས་མི་དང་མི་སྒེར་གྱི་ཁོངས་མི་ཡིན་པ་དང་མིག་སྔའི་བར་གྲ་སྒྲིག་ཚོགས་ཆུང་ལ་རྒྱལ་ཡོངས་ས་གནས་ཁག་ནས་ཚོགས་ཞུགས་ནུས་ལྡན་གྱི་རེ་ཞུ་ཁྱོན་200ལྷག་ཙམ་འབྱོར་ཡོད་ལ། དེའི་ནང་མི་སྒེར་གྱི་རེ་ཞུ་མཁན་150ལྷག་ཙམ་དང་ཚན་པའི(སྒྲིག་གཞི)རེ་ཞུ་མཁན་50ལྷག་ཙམ་ཡོད་པ་དེའི་ནང་ཡུལ་སྐོར་རིག་གནས་དང་། དམངས་འཚོ་དཔྱད་ཞིབ། སྒྱུ་རྩལ་གསར་རྩོམ། ཞིང་འབྲོག་ཚན་རིག་ཁྱབ་སྤེལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
བསོད་བསྟན་གྱིས་བསྒྱུར།


