ཉེ་ཆར། རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་དུ་ཉི་མའི་འོད་ཤིང་སྡོང་གི་རྩེ་མོར་འཕྲོས་པ་དང་ལྡུམ་རའི་ནང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁུལ་གྱི་ཅོག་ཙེའི་མདུན་དུ། མིག་ཤེལ་གྱོན་པ་དང་མཛུབ་མོར་སྤུ་སྨྱུག་གི་སྣག་ཚ་འགོས་པའི་བུ་མོ་ཞིག་ཤོག་བུའི་སྟེང་དུ་རྒྱ་ཡིག་དང་བོད་ཡིག་འབྲི་བཞིན་ཡོད། ཉི་མའི་འོད་ཟེར་བུ་མོ་དེའི་གདོང་ངོས་སུ་འཕྲོས་པ་དང་སྨྱུག་འོག་གི་སྣག་ཤུལ་ལས་འོད་འཕྲོ་བཞིན་ཡོད་པས། སྨྱུ་གུ་རེ་རེས་བོད་ཀྱི་གཞོན་ནུ་ལོང་ཆུང་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་མཚོན་པ་དང་འདྲ། དེ་དང་ཐག་མི་རིང་ས་ཞིག་ན་སྒྲ་སྙན་དཀྲོལ་གཏོང་རླུང་དང་བསྟུན་ནས་ཚོར་ཡོང་བས་བྱིས་པ་ཚོའི་དགོད་སྒྲ་དང་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་དེས་“ལང་ཚོས་ལོ་ངོ་དྲུག་བཅུའི་ཕུགས་འདུན་བསྐྲུན་པ་དང་ལག་ལེན་སློབ་གསོས་རྒྱང་ལམ་གསར་པར་སྙེགས་པའི་”གྲུབ་འབྲས་སྙན་ཞུའི་འགྲེམས་སྟོན་དེ་གར་འགོ་ཚུགས་ཡོད།
བོད་ཀྱི་གཞོན་ནུ་ལོ་ཆུང་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་སློབ་གསོའི་གྲུབ་འབྲས་གཡུར་དུ་ཟ་བ་ཕྱོགས་ཡོངས་ནས་མངོན་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་ཕུལ་ཆེད། བོད་ཀྱི་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་“ལང་ཚོས་ལོ་ངོ་དྲུག་བཅུའི་ཕུགས་འདུན་བསྐྲུན་པ་དང་ལག་ལེན་སློབ་གསོས་རྒྱང་ལམ་གསར་པར་སྙེགས་པའི་”བྱེད་སྒོ་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་གཞོན་ནུ་ལོ་ཆུང་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་སློབ་གསོའི་གྲུབ་འབྲས་སྐོར་གྱི་སྙན་ཞུའི་འགྲེམས་སྟོན་གཉེར་བ་རེད།
ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་དེ་སྒྱུ་རྩལ་བརྩམས་ཆོས་གྲུབ་འབྲས་འགྲེམས་སྟོན་དང་། གར་སྟེགས་སྒྱུ་རྩལ་འགྲེམས་སྟོན། ལག་ལེན་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་བཅས་བཞི་ལས་གྲུབ་པ་སྟེ། ལྟ་ཐུབ་པ་དང་། ཉན་ཐུབ་པ། ཚོར་ཐུབ་པ། ཞུགས་ཆོག་པ་བཅས་ཀྱི་རྣམ་པ་མངོན་ཡོད།
སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁུལ་དུ་“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ནས་ལོ་ངོ་60འཁོར་བ་”བརྗོད་དོན་གཙོ་བོར་བྱས་པའི་རི་མོ་དང་ཡིག་གཟུགས་ཀྱི་བརྩམས་ཆོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པས། ཕྲུ་གུ་ཚོས་སྨྱུ་གུ་སྤྱད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས། དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་བཅས་རྒྱ་ཡིག་དང་བོད་ཡིག་གི་ཐོག་ནས་རྟེན་འབྲེལ་སྙན་ངག་བྲིས་ནས་སྲོལ་རྒྱུན་གྱི་སྒྱུ་རྩལ་དང་མི་རིགས་ཀྱི་རིག་གནས་དབར་གྱི་མཉམ་འདྲེས་གཏིང་ཟབ་མངོན་པ་རེད།
གར་སྟེགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་བརྒྱུད་རིམ་ནང་གངས་ལྷ་མེ་ཏོག་བྱིས་པའི་སྒྱུ་རྩལ་ཚོགས་པ་དང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་སློབ་ཁྲིད་ཕྱི་རོལ་གྱི་དད་མོས་ཡོད་པའི་སློབ་མ་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་ཤིང་ནང་མ་སྟོད་གཞས་ལ་སོགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལེ་ཚན་ཡོད་ལ། དེང་རབས་ཀྱི་གླུ་གར་དང་སྒྲ་སྙན། དབྱང་ཆིན་སོགས་སྲོལ་རྒྱུན་གྱི་རོལ་ཆས་དང་དེ་བཞིན་ཀང་ཆིན་ལ་སོགས་ངོ་མཚར་ཆེ་བའི་ནུབ་གླིང་གི་རོལ་ཆས་ཀྱི་རིག་གནས་ཀྱང་མངོན་ཡོད། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་གཞོན་ནུ་ལོ་ཆུང་འགྲེལ་བཤད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ངོམས་སྟོན་བྱས་ཡོད།“གཟའ་འཁོར་མི་རེའི་རེས་གཟའ་ཉིན་མར་ངས་གཞོན་ནུ་གཞོན་ནུ་ཕོ་བྲང་དུ་ཞབས་བྲོ་སྦྱོང་བར་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་”ཅེས་ལོ་དྲུག་ལ་སླེབས་མ་ཐག་པའི་སློབ་ཆུང་སློབ་མ་བསྟན་འཛིན་རིག་འཛིན་གྱིས་དགའ་སྤྲོའི་ངང་བཤད།
ལག་ལེན་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་ཁུལ་དུ་ཚན་རྩལ་ཉམས་ལེན་དང་ལུས་རྩལ་ཉམས་འགྱུར་གྱི་ལེའུ་ཆེན་པོ་གཉིས་བཙུགས་ཡོད། སྒྲིག་བཟོ་དང་མཁའ་འགྲུལ་དཔེ་དབྱིབས་སོགས་ཚན་རྩལ་བརྩམས་ཆོས་ས་གནས་ས་ཐོག་ཏུ་འཁྲབ་སྟོན་དང་རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ་སོགས་ལུས་རྩལ་རྣམ་གྲངས་བརྙན་ལམ་བརྒྱུད། པར་རིས་དང་ས་གནས་ས་ཐོག་གི་ཉམས་ལེན་ཟུང་འབྲེལ་བྱས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་གིས་གསོན་ཤུགས་ལྡན་པའི་འགུལ་སྐྱོད་གྱི་ཉམས་འགྱུར་མངོན་ཡོད་པ་རེད།
གསར་འགོད་པས་ཤེས་གསལ་ལ་ད་ཐེངས་དམིགས་བསལ་གྱིས་གཉེར་བའི་བྱེད་སྒོ་དེ་དྲ་འོག་དང་དྲ་ཐོག་གི་ཟུང་འབྲེལ་བྱེད་སྟངས་སྤྱད་པ་བརྒྱུད་མང་ཚོགས་ཚོ་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་དམངས་འདུན་ཤེས་བྱའི་བྱེད་སྒོའི་ནང་ཞུགས་ཐུབ་པ་བྱུང་ལ། སྨྱན་སྦྱོར་གྱི་འབྲེལ་ལམ་སྤྱད་དེ་“ངའི་མིག་ནང་གི་བོད་ལྗོངས་ཀྱི་ལོ་ངོ་60”དང་“ང་རང་གཞོན་ནུ་ལོ་ཆུང་གི་ཕོ་བྲང་དུ་སྡོད་པའི་ཉིན་མོ་”སོགས་དྲ་ཐོག་གི་གླེང་གཞིའི་མཉམ་འགུལ་སྤེལ་བས། ལྟད་མོ་བ་རྣམས་ས་གནས་ས་ཐོག་ཏུ་པར་རྒྱག་པ་དང་ཐོ་འགོད་བྱེད་པ་མ་ཟད་འཕྲིན་ཕྲན་ཐོག་སྤེལ་ནས་བརྒྱུད་བསྐུར་བྱེད་པར་སྐུལ་ལྕག་བྱས་པ་རེད། རྣམ་པ་གསར་པའི་བྱེད་སྟངས་དེ་ལྟ་བུ་སྤྱད་པས་སློབ་མས་གདེང་འཇོག་བཟང་པོ་ཐོབ་ཡོད་པ་སྟེ། ཁོ་ཚོས་ནང་མི་ཁྲིད་ནས་མཉམ་ཞུགས་བྱས་པ་མ་ཟད། ད་དུང་གཉེན་ཉེ་དང་གྲོགས་པོ་རྣམས་སྐུལ་སློང་བྱས་ནས་རང་ཉིད་ཀྱི་བརྩམས་ཆོས་ལ་མོས་བསྟོད་དང་འདེམས་ཤོག་འཕེན་རེ་བྱས་ཡོད།
“ལེ་ཚན་རེ་རེ་དང་། བརྩམས་ཆོས་རེ་རེ། འཛུམ་མདངས་རེ་རེ་བཅས་ནི་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོའི་ཞུ་ཚིག་ཅིག་”ཡིན་པ་རེད། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིའི་ཀྲུའུ་རེན་གཞོན་པ་ཕུར་བུ་སྒྲོལ་མས་“འབྱུང་འགྱུར་ང་ཚོས་གཞོན་ནུ་ལོ་ཆུང་གིས་དགའ་པོ་བྱེད་པ་དང་དང་ལེན་བྱེད་པའི་སློབ་ཚན་དེ་ལས་མང་བ་སྤེལ་ནས་ཁོ་ཚོའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་”ཞེས་བཤད་པ་རེད།
བྱེད་སྒོའི་མཇུག་ཏུ་སྒྱུ་རྩལ་ཚོགས་པའི་སློབ་མ་70ཡིས་སློབ་གོས་གྲལ་འགྲིག་གྱོན་ཏེ་རིམ་བཞིན་བྱ་དགའ་ཐོབ་པའི་སྟེགས་བུའི་ཐོག་བསྐྱོད་དེ་སློབ་ཐོན་ལག་ཁྱེར་བླངས་པ་དང་གཟབ་ནན་གྱིས་ལག་ཁྱེར་པང་དུ་བཟུང་སྟེ་ངོ་གདོང་ལ་སྤོབས་སེམས་ཀྱིས་ཁེངས་ཡོད། དུས་མཚུངས་སུ་བོད་ཀྱི་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིའི་ཏང་ཀྲི་པུའུ་ཡིས་སྤེལ་བའི་གཅེས་སྐྱོང་བྱ་སྤྱོད་ཁྲོད་གཞོན་ནུ་ལོ་ཆུང་དང་དགེ་རྒན་40ལ་“གཅེས་སྐྱོང་ལག་རྟགས་ཆེན་པོ་”འབྱོར་ཡོད།
ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནི་བོད་ལྗོངས་གཞོན་ནུ་ལོ་ཆུང་གིས་གསོན་ཤུགས་ཀྱི་འཇོན་ཐང་གཅིག་སྡུད་ཀྱིས་སྟོན་པ་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱི་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་སློབ་གསོའི་འཕེལ་རྒྱས་ཀྱི་འབྱུང་རིམ་དང་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཀྱང་ཡིན། གླ་ཡོན་མི་དགོས་པར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཆེར་སྤེལ་བ་དང་། སེམས་ཁམས་བདེ་ཐང་སློབ་གསོ་ནས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ལག་ལེན་བར་བོད་ཀྱི་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་ཐོག་མཐའ་བར་གསུམ་དུ་“མི་བཟང་གསོ་སྐྱོང་”ལ་དམིགས་ཏེ། རྩ་བའི་ལས་འགན་སློབ་གྲྭ་འཛུགས་སྐྲུན་དང་ཁྱིམ་ཚང་། སྤྱི་ཚོགས་“གསུམ་པོ་གོང་བུ་གཅིག་ཏུ་སྒྲིལ་བ་”མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་བཟང་པོ་བཙུགས་ཡོད་པ་རེད།
བསོད་བསྟན་གྱིས་བསྒྱུར།


