སྤྱི་ལོ2025ལོའི་ཟླ8པའི་ཚེས23ཉིན། ང་ཚོ་སློབ་འབྲིང་ལོ་རིམ་གསུམ་པའི་འགྲོ་ལུགས་ལྟར་ནམ་རྒྱུན་གཟའ་འཁོར་གཉིས་འཚོགས་ནས་ངལ་གསོ་ཉི་མ་གསུམ་དང་ཕྱེད་ཀ་འཇོག་པ། ད་ནི་གཟའ་འཁོར་རེ་ངལ་གསོ་ཉིན་རེ་འཇོག་པའི་ལུགས་སུ་བསྒྱུར་ནས་ངལ་གསོ་ཉི་མ་གཅིག་ཏུ་གྱུར།
ཉིན་མོ་དེ་ནི་ངའི་ངོས་ནས་བཤད་ན་བརྗེད་དཀའ་བ་ཞིག་ཡིན་ཏེ། གང་ཡིན་ཟེར་ན་ང་རང་ཉིན་དེར་འཛིན་གྲྭ་གཅིག་པའི་བུ་མོ་འགའ་དང་ལྷན་དུ་ཕྱིན་པ་ཡིན། ནམ་རྒྱུན་ངལ་གསོ་རེ་འཇོག་སྐབས་པཱ་ལགས་དུས་ཐོག་ཏུ་བསུ་བར་ཡོང་མོད། དེ་ཉིན་པཱ་ལགས་དབྱར་མཚེར་ལ་ཕྱིན་པས་ཁ་པར་ཐེངས་མང་བརྒྱབ་ཀྱང་འབྲེལ་བ་བྱེད་མ་ཐུབ། ང་བྲེལ་བ་ལངས་ཏེ་སེམས་ནང་ཤོད་མི་ཤེས་པའི་དངངས་འཚབ་དང་སྐྱོ་སྣང་ཞིག་སྐྱེས་བྱུང་།
ང་ཚོ་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་ལུས་རྩལ་ཐང་དུ་བང་བསྒྲིགས་ནས་རང་རང་གི་ཁྱིམ་བདག་སྒུག་དགོས་ཀྱི་འདུག་པས། ཏག་ཏག་ངའི་སྲུ་མོ་ཉེ་འབྲེལ་ཞིག་གི་ཕྲུ་གུ་བསུ་བར་སླེབས་པ་དང་སྐབས་ཁེལ་བྱུང་། སྲུ་མོས་ང་ལ“ཁྱོད་དེ་རིང་བསུ་མཁན་འདུག་གམ”ཞེས་ཟེར། ངས་ཀུན་མཆོག་བདེ་སྐྱིད་དང་། བཀྲ་ཤིས་སྒྲོལ་མ། སྐར་མ་གསུམ་གྱི་ངོ་ལ་ལྟ་ཙམ་བྱས་ནས་བསུ་མཁན་མེད་པའི་བརྡ་བཏང་བ་དང་། དེ་ནས་སྲུ་མོར་བཀྲ་ཤིས་སྒྲོལ་མ་དང་ཀུན་མཆོག་བདེ་སྐྱིད་གཉིས་པོ་ཡང་བསུ་མཁན་མི་འདུག་པས་མཉམ་དུ་བདེ་འཇགས་འགན་ལེན་ཡི་གེར་མཛུབ་ཐེལ་རྒྱག་རོགས་ཞུས་པ་ཡིན། དེ་ནས་སྲུ་མོས་ཐད་ཀར་ཁོང་གི་ཁྱིམ་དུ་འགྲོ་ཟེར་མོད། གྲོགས་མོ་ཚོ་འགྲོ་འདོད་བྱེད་ཀྱི་མི་འདུག་པས“ང་ཕྱི་དྲོ་ནང་ལ་ཡོང་གི་ཡིན། ད་ལྟ་ཁོང་ཚོ་ལྷན་དུ་ཁྲོམ་ལ་འགྲོ་དགོས”ཞེས་བཤད་པ་ཡིན།
ང་ཚོ་འགྲོ་གིན་འགྲོ་གིན་དུ་འགྲོ་སའི་དམིགས་ཡུལ་གཏན་འཁེལ་བས། “གང་དུ་འགྲོ་འམ”ཞེས་ཕན་ཚུན་གཅིག་གིས་གཅིག་ལ་དྲིས། དེ་ནས་སྐར་མས“ངའི་ནང་ལ་འགྲོ། དེ་རིང་ཨ་ཕ་ཨ་མ་གཉིས་ཀ་བསྡད་མེད་པས། སྐྱོན་ཡོད་མ་རེད”ཟེར། ང་ཚོ་ཚམ་ཚོམ་མེད་པར་སྐར་མའི་ཁྱིམ་ལ་འགྲོ་རྒྱུ་བྱས།
ནང་ལ་སླེབས་པ་ན་དང་པོ་ང་ཚོས་སློབ་གོས་ཕུད་དེ་གྱོན་ཆས་འཁྲུད་འཁོར་ནང་བླུགས་པ་ཡིན། དེ་ནས་གྲོད་པ་ཏོག་ཙམ་ལྟོགས་ཀྱི་འདུག་པས་སྐར་མས་ཤ་ལྕུག་ཁ་ཚ་ཉོས་འདུག་པ་དེ་ཟོ་ཟེར། བཀྲ་ཤིས་སྒྲོལ་མས“ནམ་ཞོགས་པ་ནས་ཁ་ཚ་ཟོས་ན་ཕོ་བ་ལ་གནོད་པ་ཡོད་རེད”ཅེས་བཤད་ཀྱང་། སྐར་མས་མ་ཉན་པར་ཁ་ཕྱེས་ནས་ཟོས་སོང་། ཡུད་ཙམ་སོང་རྗེས་བཀྲ་ཤིས་སྒྲོལ་མས“བཀྲ་ཤིས་ལྷ་གཡང་ངེད་གཉིས་ངའི་ཨ་ཁུའི་ནང་ལ་དངུལ་ལེན་པར་འགྲོ། སྐར་མ་དང་ཀུན་མཆོག་བདེ་སྐྱིད་ཁྱེད་གཉིས་སློབ་གོས་བཀྲུས་ནས་ཁྱིམ་ལ་སྡོད་ཨང”ཞེས་བཀོད་སྒྲིག་བྱས་པ་དང་། ངེད་གཉིས་སྒོར་བུད་དེ་ཕྱིན་པ་ཡིན། ངའི་བསམ་པར་ལམ་ཐག་དེ་ཙམ་མེད་རྩིས་ཡོད་མོད། མོས“སློབ་ཆུང་དང་པོའི་ཁ་སྤྲོད་ཀྱི་དེབ་ཁང་དེར་རེད”ཟེར་བས་ཅུང་ཟད་རིང་སྣང་ཤར།
དེབ་ཁང་གི་སྒོ་ཁར་སླེབས་དུས་སྒོ་ད་དུང་འབྱེད་རྒྱུ་རེད་འདུག མོས་ཨ་ཕར་ཁ་པར་བཏང་བས་ཡུད་ཙམ་ནས་མོ་རང་གི་ཨ་ཁུ་སླེབས་འདུག མོའི་ཨ་ཁུས་ངེད་གཉིས་ལ་བོད་ཐུག་དང་ཤ་བག་ལེབ། སྒོ་ང་བཅས་ཞོགས་ཟས་ རེ་བླུད་བྱུང་། དེ་འཐུང་རྗེས་ངེད་གཉིས་དངུལ་བླངས་ནས་འཕྲལ་མར་ཕྱིར་ལོག་པ་དང་། ལམ་བར་ནས་མོས་ཁོང་གཉིས་ལ་མོག་མོག་ཁ་ཤས་ཉོས་ནས་འཁྱེར་འགྲོ་ཟེར་མོད། ཟ་ཁང་མང་པོར་སྐད་ཆ་དྲིས་ཀྱང་ཚང་མས་མེད་ཟེར།
དེ་ནས་བག་སོབ(མན་པའོ།)འགའ་ཉོས་ནས་ནང་ལ་ལོག་པ་ཡིན། ཀུན་མཆོག་བདེ་སྐྱིད་ཀྱིས་སློབ་གོས་བཀྲུས་ཚར་འདུག དེ་ནས་ང་ཚོ་མི་སྒེར་རང་རང་ལ་གཙང་སྦྲ་སྟབས་བདེ་རེ་དང་། སྐར་མའི་ཁྱིམ་ལ་གཙང་སྦྲ་སྤུས་དག་ཅིག་བྱས་རྗེས་ཕྱི་ལ་ཟ་མ་བཟའ་བར་ཕྱིན། ཕྱི་རོལ་དུ་སླེབས་རྗེས་ངས་ཁ་པར་ཞིག་གཡར་ནས་པཱ་ལགས་ལ་ཁ་པར་བཏང་བས་ཁོང་གིས་ཉན་སོང་། ཁོང་གིས་ང་ལ“ང་གཞི་ནས་འཕྲིན་བརྡ་ཡོད་སར་སླེབས་སོང་། ཁྱོད་ཅི་ཞིག་བྱེད་ཀྱི་ཡོད་དམ”ཟེར། ངས“ཁྲོམ་བསྐོར་ནས་བསྡད་ཡོད”ཅེས་པས། “ཞོགས་པ་ཞང་པོ་བསུ་བར་བཏང་ཡོད་མོད། ཁོང་འགྲོ་ནོར་ཐེབས་ནས་སློབ་འབྲིང་གཉིས་པར་ཕྱིན་འདུག་པས་ཁྱོད་བསུ་མ་ཐུབ་པ་རེད། ཞང་པོས་ད་ལྟ་ཁྱོད་ཁོང་གི་ཁྱིམ་ལ་ཤོག་ཟེར་གྱི་འདུག”ཟེར། ངས་པཱ་ལགས་ལ“ད་ང་ནང་ལ་འགྲོ་གི་མིན། ངས་ཞང་པོ་སྒོ་འགྲམ་ནས་སྒུག་སྡོད་ཀྱི་ཡིན་ཟེར་གྱི་འདུག་ལབ་རོགས་གནང”ཞེས་ཞུས་པ་ཡིན། ཞང་པོས་ནང་ལ་འགྲོ་ཟེར་མོད་ང་ཕྱིན་མེད། ང་ལ“དངུལ་ག་ཚོད་དགོས”ཟེར་བས། ངས“བརྒྱ་འམ་ཉིས་བརྒྱ་ཞིག་དགོས”ཞེས་བཤད་པས། ཁོང་གིས“སློབ་གྲྭ་ངལ་གསོ་བཞག་དུས་ཅ་ལག་མང་པོ་ཉོ་དགོས་རེད། ཉིས་བརྒྱས་ག་ལ་འདང”ཞེས་བཞི་བརྒྱ་སྤྲད་བྱུང་ངོ་། །
ཞང་པོ་ཕྱིན་ཚར་རྗེས་ངས་ཁོང་ཚོ་བཙལ་ནས་ཇ་ཁང་ནང་དུ་ཕྱིན་པ་ཡིན། མ་གཞི་བྱས་ན་དངུལ་རྩིས་ངས་རྒྱག་རྩིས་ཡོད་མོད། ཀུན་མཆོག་བདེ་སྐྱིད་ཀྱིས“དངུལ་ཚང་མ་འཕྲོ་བརླག་མ་གཏོང”ཟེར། ཁ་ལག་ཟོས་ཚར་རྗེས་སློབ་གྲྭར་འགྲོ་རན་པས་ང་ཚོ་ཅ་ལག་ཁྱེར་ནས་ལམ་ལ་ཞུགས། འཛུམ་སྐྱིད་དང་ཚེ་འཛོམས་གཉིས་ཐུག་པས་ཡང་ཇ་ཁང་ནང་ལ་ཕྱིན་ནས་ཅུང་ཟད་སྐད་ཆ་བཤད་ནས་བསྡད།
ཆུ་ཚོད་ལྔ་པ་ཟིན་འདུག་པས་ང་དང་བཀྲ་ཤིས་སྒྲོལ་མ། སྐར་མ་ངེད་གསུམ་པོ་ངའི་སྲུ་མོའི་ཁྱིམ་གྱི་ཕྱོགས་སུ་ཕྱིན་པ་ཡིན། ལམ་བར་དུ་ང་ཚོ་རྐང་པ་ན་བས་ལམ་ཟུར་གྱི་རྐུབ་བཀྱག་ཅིག་གི་ཐོག་ཏུ་ངལ་གསོས་ནས་སྡོད་སྐབས། ང་ཚོའི་བོད་ཡིག་དགེ་རྒན་དགའ་བཟང་དང་འདྲ་བའི་མི་ཞིག་ཕ་གི་ནས་ཚུར་ཡོང་གི་འདུག སྐར་མ་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས། “རྒན་དགའ་བཟང་སླེབས་འདུག ད་ཚར་སོང་”ཟེར། ངས“མ་རེད”ཅེས་པས་བཀྲ་ཤིས་སྒྲོལ་མས་ཀྱང་ངོས་ཅུང་ཟད་ཆོད་ནས“ཡིན་ས་མ་རེད”ཟེར། ང་ཚོ་དང་བར་ཐག་ཇེ་ཉེར་ཕྱིན་པ་དང་ད་དུང་གཏན་དེ་ཙམ་མ་ཁེལ་བར་མདུན་ལ་གཏད་དེ་རྒྱུག་ཕྱིན། ཅུང་ཟད་ནས“ད་ང་རྒྱུག་གི་མིན”ཞེས་བཤད་པས། མི་དེ་འཁྲིས་ལ་སླེབས་སྐབས་རྒན་དགའ་བཟང་རེད་མི་འདུག ང་ཚོ་ཚང་མས་རང་གི་བྱ་སྤྱོད་ལ་གད་མོ་ཤོར། བཀྲ་ཤིས་སྒྲོལ་མས་སྐད་ཤུགས་ཆེན་པོས་ཧབ་དགོད་བརྒྱབ་པས། འགྲམ་དུ་ཡོད་པའི་མི་ཚང་མས་ང་ཚོར་ལྟ་བཞིན་འདུག ངས་མོའི་ལག་པ་ནས་འཐེན་ཏེ་ཕྱིན། གཞི་ནས་ངའི་སྲུ་མོའི་ནང་ལ་སླེབས་ཙམ་བྱུང་། ཁོང་ཚོ་དང་ལྷན་དུ་བསྐྱོད་པའི་ཉིན་མོ་དེ་ནི་ངའི་ངོས་ནས་ནམ་ཡང་བརྗེད་དཀའ་བའི་དྲན་གསོ་ཞིག་ཏུ་གྱུར་སོང་། རྗེས་མར་ཁོང་ཚོ་དང་མཉམ་དུ་འགྲོ་རྒྱུའི་གོ་སྐབས་ཡོང་རྒྱུར་སྨོན། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།
 



 
         
         
        