སྟོན་སེར་གྱི་ཟླ་བཅུ་པར་ས་མཐོའི་ཤིང་ཏོག་གི་གསོལ་སྟོན་དུས་སྐབས་ལྟར་སླེབས་ཟིན།
ཟླ་10ཚེས་3ཉིན། ཀྲུང་གུང་བྲག་ཡིབ་ཆུས་ཨུ་ཡོན་ལྷན་ཁང་དང་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱིས་སྒྲུབ་འགན་འཁུར་བའི“བོད་ཁོངས་སུ་ཤིང་ཏོག་སོས་སུ་ཐོན་པའི་ཉིང་ཁྲི།” ཉིང་ཁྲིའི་ཤིང་ཏོག་རིག་གནས་དུས་ཚིགས་བྲག་ཡིབ་ཆུས་པ་འཚོགས་པ་རེད། “འབྲས་བུ”སྨྱན་སྦྱོར་བྱེད་པ་དང་།“རིག་གནས་ཀྱི་”ཐོག་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ།“ཚོང་རྒྱུའི”ཐོག་ནས་ཐོན་ལས་དར་རྒྱས་གཏོང་བ་བཅས་ཀྱི་བྱེད་སྒོ་དེར་དྲ་ཐོག་གི་ལྟད་མོ་བ་ཁྲི་ཕྲག་ཁ་ཤས་སྤྲོ་སེམས་འཁོལ་བའི་ངང་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།
བྱེད་སྒོའི་ཉིན་དེར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཤང་དང་གྲོང་རྡལ་བདུན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སིལ་ཏོག་སྤྲོ་སྣང་ཁྲོམ་རར་མཁོ་འདོན་བྱས་པ་དང་། ཉིང་ཁྲིའི་ཀུ་ཤུ་དང་སྨི་རུའེ་ཁམ་བུ་སེར་པོ་སོགས་སིལ་ཏོག་གསར་བའི་དྲི་ཞིམ་གང་སར་ཁྱབ་པ་མ་ཟད། བོད་ཕག་དང་། ཀོ་ཤ། གསོམ་ཤ། འཕང་འབྲས་སྐྱོ་མ་སོགས་ཉིང་ཁྲིའི་དམིགས་བསལ་ཐོན་རྫས་དང་སྡེབ་སྒྲིག་བྱས་པས“ལྕེ་རྩེ་བྲོ་བ་མྱངས་བའི་ཉིང་ཁྲིའི”ལོ་ལེགས་ཀྱི་རི་མོ་ཞིག་གྲུབ་ཡོད།
བྱེད་སྒོའི་ས་གནས་ས་ཐོག་ཏུ་ཉིང་ཁྲི་གྲོང་ཁྱེར་ཤིང་ཏོག་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐོག་ ཉིང་ཁྲིའི་ཀུ་ཤུ་ཧྲིལ་པོའི་འཕེལ་རྒྱས་ལས་རིགས་ལ་གསལ་འགྲེལ་གཏིང་ཟབ་ཐོག་འདེབས་འཛུགས་དང་ལས་སྣོན་སྤུས་དག་ཚོང་གཉེར་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་བཀོད་སྒྲིག་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པ་རེད། དེ་རྗེས་བོད་ལྗོངས་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིས་ཡན་ཐའེ་ཝུའེ་ལིན་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཚད་ཡོད་ཀུང་སི་དང་ཏུང་ཀོན་གྲོང་ཁྱེར་ཤན་ལེང་ཏུའོ་ཞིང་ལས་ཐོན་རྫས་ཚད་ཡོད་ཀུང་སི་དང་ས་གནས་ས་ཐོག་ཏུ་ཐབས་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་ཉོ་སྒྲུབ་བྱེད་འདོད་ཡོད་པའི་དངུལ་གྲངས་སྒོར་ཁྲི་6འཇོག་རྒྱུའི་གྲོས་མཐུན་བྱུང་བ་རེད།
ད་ཐེངས་ཀྱི་“བོད་ཁོངས་སུ་ཤིང་ཏོག་སོས་པ་ཉིང་ཁྲིའི”2025ལོའི་ཉིང་ཁྲིའི་ཤིང་ཏོག་རིག་གནས་དུས་ཚིགས་ཀྱི“ཀྲུང་གོའི་ཞིང་གསུམ་ཁྱབ་བསྒྲགས་”གཞུང་ཕྱོགས་ཀྱི་སྒྲ་འདུ་དང་གྲོང་གསེབ་དར་རྒྱས་TVསོགས་ལས་སྟེགས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པ་རེད། ས་གནས་དེ་གའི་སྙན་སྒྲོག་པ་གཙོ་བོ་ཡང་ཐད་གཏོང་ཁང་དུ་མཉམ་དུ་འཛོམས་ནས་ཐད་གཏོང་ཚོང་ཟོག་འགྲན་བསྡུར་ཞིག་སྤེལ་བ་རེད། བརྙན་འཕྲིན་གྱི་མདུན་དུ་གཙོ་སྐྱོང་བ་ཚོས་ཉིང་ཁྲིའི་ཤིང་ཏོག་དང་རི་སྐྱེས་ཤ་མོ། ཁྱད་ཆོས་ལྡན་པའི་ཤིང་ཏོག་སྐམ་པོ་སོགས་སྤུས་ལེགས་ཞིང་ལས་ཐོན་རྫས་སྤྲོ་སེམས་འཕེལ་པོས་ངོ་སྤྲོད་བྱས་ཏེ་ཉིང་ཁྲིའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལ་སྤྲིན་གྱི་གཤོག་པ། ཐད་གཏོང་ལ་བལྟས་པའི་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་663ལས་བརྒལ་བ་དང་དྲ་རྒྱ་ཡོངས་ཀྱི་མི་ཐེངས་ཁྲི་800ལས་བརྒལ་བ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ཉིང་ཁྲིའི་ཞིང་ལས་ཐོན་རྫས་རྒྱབ་ཀྱི་རིག་གནས་རིན་ཐང་སྔོག་འདོན་སྔར་བས་གཏིང་ཟབ་བྱས་ཏེ“རིག་གནས་+ཐོན་ལས”ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།
 



 
         
         
        