ཉེ་ཆར། “སེ་འབྲུ་ལྟ་བུའི་ཁྱིམ་ཚང་གཅིག་”ཅེས་པའི་ཅང་སུའུ་དང་ཤིན་ཅང་ལྷ་ས་བཅས་ཀྱི་སྔོན་ཐོན་གཞོན་ནུའི་རུ་ཁག་གི་དབྱར་སྒར་ནན་ཅིང་དུ་ལེགས་འགྲུབ་ངང་གཉེར་བ་རེད། ཅང་སུའུ་དང་། ཤིན་ཅང་། ལྷ་ས་བཅས་ས་ཆ་གསུམ་གྱི་མི་རིགས་11ནས་ཡོང་བའི་སྔོན་ཐོན་གཞོན་ནུ་རུ་མི་བརྒྱ་ཡིས་དུས་ཡུན་ཉིན་བརྒྱད་ཀྱི“བསྐྱོད་བཞིན་པའི་བསམ་བློ་ཆབ་སྲིད་སློབ་ཚན་”ཁྲོད་ཐུན་མོང་ཐོག་ཞིབ་འཇུག་སློབ་སྦྱོང་དང་འབྲེལ་འདྲིས་གཏིང་ཟབ་བྱས་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད།
གསར་རྗེའི་རྐང་རྗེས་ནང་ཁྱིམ་ཞེན་རྒྱལ་ཞེན་མཐུག་པོར་འཛུགས་པ།
དཔའ་བོའི་བང་སོ་རུ་སྔོན་ཐོན་གཞོན་ནུ་རྣམས་ཀྱིས་སློབ་གོས་གྲལ་འགྲིག་གྱོན་པ་དང་ལག་ཏུ་མེ་ཏོག་དཀར་པོ་ཆུང་ཆུང་བཟུང་སྟེ་དྲན་གསོའི་རྡོ་རིང་གི་མདུན་དུ་གཟབ་ནན་ངང་ལངས་ནས་མྱ་ངན་ཞུས་པ་རེད།“འདིར་ལངས་ནས་ངས་དཔའ་རྒོད་རྣམས་ཀྱིས་ཁྲག་བཏོན་དམར་འཛིང་གིས་འབད་འཐབ་བྱས་པའི་ཡུལ་ལྗོངས་མཐོང་བ་དང་འདྲ་སྟེ། ཁོང་ཚོས་ཚེ་སྲོག་ལ་བརྟེན་ནས་དེ་རིང་གི་ཞི་བདེ་བྱུང་ཡོད་པས་ང་ཚོས་ངེས་པར་དུ་ཇི་སྲིད་བར་ནམ་ཡང་ཡིད་ལ་འཛིན་དགོས”ཞེས་རུ་མི་རྣམས་ཀྱིས་མཆོད་འབུལ་བྱེད་སྐབས་མིག་དམར་པོར་གྱུར་ནས་བཤད་པ་རེད།
ཀྲུང་གོར་བཙན་འཛུལ་བྱེད་པའི་འཇར་པན་དམག་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོའི་ཁང་དུ་ལྷ་སའི་སློབ་མ་དང་ཅང་སུའུ་ཡི་རོགས་ཟླ་གཉིས་ལག་པ་དམ་པོར་བཟུང་ནས། “ཞི་བདེའི་དྲིལ་བུ་ཆེན་པོ་གྲགས་པའི་སྐབས་དེར་ང་ལ་སེམས་སྡུག་དང་བློ་བརྟན་འགྱུར་མེད་གཅིག་ཆར་བྱུང་། སེམས་སྡུག་ཆེ་བ་ནི་སྤུན་ཟླ་མང་པོ་ཞིག་འདས་སོང་། བློ་བརྟན་འགྱུར་མེད་ནི་ང་ཚོས་ངེས་པར་དུ་ད་ལྟའི་ཞི་བདེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དེ་རེད། ”སློབ་མ་ཚོའི་སྐད་ཆུང་ནའང་ལོ་ན་དང་བརྒལ་བའི་ གཟབ་ནན་མངོན་ཡོད།
ཀྲུང་ཧྲན་བང་སོའི་རྡོ་བཀྱག་392འཛེགས་པའི་རིང་མི་རིགས་ཁག་གི་གཞོན་ནུ་ཚོས་ཕན་ཚུན་སྐུལ་ལྕག་བྱེད་བཞིན་ཡོད། “དགེ་རྒན་གྱིས་བཤད་རྒྱུར། རྡོ་བཀྱག་གི་རྡོ་སྐས་རིམ་པ་རེ་རེ་ཚང་མ་མེས་པོ་རྣམས་ཀྱི་འབད་འཐབ་ཀྱི་ལམ་མཚོན་གྱི་ཡོད”ཅེས་བཤད། སློབ་མ་ཚོས་རྔུལ་ཆུ་ཕྱིས་ནས“ད་ལྟ་ལག་རྒྱུག་དེ་ང་ཚོའི་ལག་ཏུ་བརྒྱུད་སྤྲོད་བྱས་ཡོད་པས། ང་ཚོར་དབང་བའི་ལག་རྒྱུག་དེ་བླངས་ནས་ངེས་པར་དུ་ཡག་པོ་རྒྱུག་དགོས་”ཞེས་བཤད།
རིག་གནས་འཚོལ་ཞིབ་ཁྲོད་ཡིད་ཆེས་དང་ངོས་འཛིན་གཅིག་མཐུན་ཇེ་ཆེར་གཏོང་དགོས།
ནན་ཅིང་རྟེན་རྫས་བཤམས་མཛོད་ཁང་གི་ཟངས་ཆས་འགྲེམས་སྒམ་གྱི་མདུན་དུ་སློབ་མ་རྣམས་ཀྲོའུ་ནུབ་མའི་ཟངས་ཆས་ཤིག་གིས་ཡིད་དབང་བཀུག་ཡོད། “རིས་བརྒྱན་ཐོག་གི་འབྲུག་གི་གཉེར་རིས་ནི་ང་ཚོའི་མི་རིགས་ཀྱི་ཐུའུ་ཐེང་དང་འདྲ་བར་མཛེས་སྡུག་ལྡན་པ་ཞིག་རེད། མ་གཞི་ནས་ཀྲུང་ཧྭའི་རིག་གནས་གནའ་སྔ་མོ་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཡོད་”ཁོ་ཚོས་འགྲེལ་བཤད་ལ་ཉན་པ་དང་ཞོར་དུ་ཟིན་བྲིས་སྟེང་དུ་ནན་ཏན་གྱིས་ཟིན་བྲིས་བྱས།
ཡུའེ་ཅང་ཐོག་བརྩེགས་ནས་འབྲི་ཆུ་ལ་བལྟ་དུས་ལྷ་སའི་སྔོན་ཐོན་གཞོན་ནུའི་རུ་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་བཤད་དོན། “སློབ་དེབ་ནང་དུ་‘འབྲི་ཆུ་ལེ་དབར་ཁྲི་ཕྲག་ཤར་དུ་རྒྱུག་པ་’ཞེས་བཤད་ཡོད། དེ་རིང་དངོས་སུ་མཐོང་ན་ད་གཟོད་གཟི་བརྗིད་ཇི་ཙམ་ཡོད་པ་ཤེས་ཐུབ་བྱུང་བས། ང་ཚོའི་བོད་ཀྱི་ཡར་ཀླུང་གཙང་པོ་ཡང་མེས་རྒྱལ་གྱི་ཆུ་བོ་ཆེན་པོ་ཞིག་ཡིན་པས་དེ་དག་ནི་མི་རིགས་ཁག་གི་བུ་ཕྲུག་དང་འདྲ་བར་མཐར་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་དུ་འདྲེས་ཡོད”ཅེས་བཤད།
ནན་ཅིན་རང་བྱུང་ཚན་རིག་སློབ་ཆེན་གྱི་གོ་མཚོན་རྟེན་མཛོད་ཁང་ནང་རང་རྒྱལ་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕུར་མདེལ་གྱི་དཔེ་དབྱིབས་མཐོང་སྐབས་སློབ་མ་ཚོས་སེམས་འགུལ་ཆེན་པོས་བཤད་དོན། “ད་བྱེད་དུས་ང་ཚོའི་རྒྱལ་ཁབ་ཀྱི་རྒྱལ་སྲུང་ཚན་རྩལ་ཧ་ཅང་ཡག་པོ་འདུག་སླད་ཕྱིན་ཚན་རིག་པ་ཞིག་བྱས་ནས་མེས་རྒྱལ་ལ་དེ་ལས་མང་བའི་“རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན་”ཞིབ་འཇུག་དང་གསར་བཟོ་བྱེད་ཀྱི་ཡིན།”
བརྩེ་དུང་མཉམ་འགུལ་ཁྲོད་མཛའ་གྲོགས་ཟབ་མོ་ཆགས་པ།
དབྱར་སྒར་སྒོ་བརྒྱབ་པའི་སྔོན་གྱི་བརྩེ་དུང་མཉམ་འདྲེས་ཚོགས་འདུའི་ཐོག་ལྷ་སའི་སློབ་མ་ཚོས་བྲོ་གཞས་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། ཤིན་ཅང་གི་གཞོན་ནུ་ཚོས་ཧ་སག་རིགས་ཀྱི་དམངས་གཞས་ལེན་པ། ཅང་སུའུ་ཡི་གྲོགས་པོ་ཆུང་ཆུང་ཚོས་ཅིང་ཅུས་ཟློས་གར་གྱི་དུམ་བུ་འཁྲབ་སྟོན་བྱས་པ་རེད། “ཐོག་མར་ང་རང་ཁོ་ཚོས་ངའི་གླུ་དབྱངས་གོ་མི་ཐུབ་པར་སྐྲག་ཀྱང་། ཁོ་ཚོ་ཚང་མས་གླུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ལག་པ་རྡེབ་པར་བདག་བསམ་ཡུལ་ལས་འདས་བྱུང་། སློབ་མ་ཚོས་“ཀྲུང་ཧྭར་རིག་གནས་འདྲ་མིན་སྣ་ཚོགས་ཡོད་མོད། འོན་ཀྱང་སྤྲོ་སྣང་ནི་གཅིག་མཚུངས་ཡིན”ཞེས་བཤད།
“སུའུ་ཁྲའོ་”འགྲན་བསྡུར་གྱི་ལས་ཡུལ་ཐོག་ཏུ་མི་རིགས་ཁག་གི་གཞོན་ནུ་མཉམ་གྲུབ་ཀྱིས་དམག་འཐབ་རུ་ཁག་གི་རུ་གྲོགས་ལ་འབོད་སྐུལ་བྱས་པ་རེད། བསྟན་འཛིན་སྒྲོལ་དཀར་གྱིས་“རྒྱལ་ཕམ་ནི་གཙོ་བོ་མ་ཡིན་པར་ང་ཚོ་མཉམ་དུ་རྒྱུགས་པ་དང་མཉམ་དུ་ཤུགས་བསྣན་པའི་རྣམ་པ་དེ་ཡིན། ཕྱིས་སུ་ངས་འདིར་ངོ་ཤེས་པའི་གྲོགས་པོ་ཚོ་རྩོམ་ཡིག་ནང་བྲིས་ནས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་དང་འདྲ་ཞེས་བཤད་རྒྱུ་ཡིན།”ཞེས་བཤད།
གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་དབྱར་སྒར་གྱི་གསེར་རྗེའི་སློབ་གསོ་དང་། རིག་གནས་ཉམས་ལེན། ཚན་རྩལ་འཚོལ་ཞིབ། བརྩེ་དུང་མཉམ་འགུལ་སོགས་སྣ་མང་བྱེད་སྒོ་བརྒྱུད་མི་རིགས་ཁག་གི་སྔོན་ཐོན་གཞོན་ནུའི་རུ་མི་རྣམས་ལག་ལེན་ཁྲོད“ངོས་འཛིན་གཅིག་མཐུན་ལྔ་”ཟབ་ཏུ་གཏོང་བ་དང་། “ཐུན་མོང་བཞི་”ཡི་འདུ་ཤེས་ལྟ་བ་སྲ་བརྟན་འཛུགས་པ་དང་། སྒར་སྒོ་བརྒྱབ་པའི་དུས་སུ་གཞོན་ནུ་བརྒྱ་ཡིས་ཐུན་མོང་ཐོག་“མི་རིགས་མཐུན་སྒྲིལ་གྱི་ཁ་ཆེམས་ཡི་གེ་”བྲིས་ཤིང་། ཁ་ཆད་ལྟར་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མཐུན་སྒྲིལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།
 



 
         
         
        