ཟླ་8ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པར། རང་ལྗོངས་ཀྱི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་འབད་འབུངས་མདུན་སྐྱོད་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
“སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་སྟེ། བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོ་སྔོན་ལ་ལག་བསྟར་བྱས་ཡོད”ཅེས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གི་སྐད་ཆས་བོད་ལྗོངས་སློབ་ཆེན་སློབ་གསོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཤིང་ཅུན་ལི་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས་གསར་འགོད་པར། རྒྱལ་ཡོངས་ཀྱི་སྔོན་ལ་བོད་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་དམངས་ཡོངས་ཀྱི་གཞུང་གྲོན་སློབ་གསོའི་མ་ལག་བཙུགས་ནས། སློབ་གསོའི“འགན་ལེན་གསུམ”གྱི་སློབ་མ་རེའི་ལོ་རེའི་ཆ་སྙོམས་འགྲོ་གྲོན་ཚད་གཞི་སྒོར་5700བར་མཐོ་རུ་བཏང་སྟེ། བོད་ཀྱི“ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་གིས་སློབ་མ་གཅིག་ཀྱང་སློབ་གྲྭར་འགྲོ་མཚམས་མི་ཆད་པའི”དམིགས་ཚད་མངོན་འགྱུར་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བརྗོད།
བོད་ལྗོངས་རྟེན་མཛོད་ཁང་རིག་དངོས་ཚན་རྩལ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཞིབ་འཇུག་ཀོན་ཡོན་གཞོན་པ་ཅང་ཅཱ་ལི་ཡིས་རང་ངོས་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་ནས་གསར་འགོད་པར“རིག་དངོས་སྲུང་སྐྱོང་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་རིག་དངོས་ཀྱི་ལོ་རྒྱུས་ཆ་འཕྲིན་སྔོག་འདོན་གཏིང་ཟབ་དང་། རིག་དངོས་སྲུང་སྐྱོང་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་ལ་དེ་བས་འགན་འཁུར་བ་ཞིག་རེད”ཅེས་བརྗོད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ད་ཆའི་བོད་དུ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། སྨན་བཅོས་དང་། སློབ་གསོ། སྡོད་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པའི་སྐོར་བསྟན་ཡོད། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཉི་མ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ལོ་དེ་དག་རིང་། གླང་པ་གྲོང་ཚོར་འཕེལ་རྒྱས་དང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སྟེ། ཡུལ་མི་ཚོ་ཐོག་དཔངས་དམའ་ལ་མུན་པ་ནག་པའི་ས་ཕག་གི་ཁང་པ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཁང་པ་གསར་པར་སྤོས་ཡོད། ཏང་གི་འགོ་ཁྲིད་འོག་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ན་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།
“ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུངས་པའི‘མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་པའི་བཀའ་མོལ་དེ་ང་ཚོའི་སེམས་ལ་གཏིང་ཟབ་ཟུག་བྱུང” གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བརྙན་འཕྲིན་བརྒྱུད་གཏོང་ལ་བལྟས་རྗེས། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གླིང་སྐོར་སྡེ་ཁུལ་དུ་སྡོད་མཁན་དགེ་འཕེལ་གྱིས། ད་ཆ་ཁྱིམ་ཚང་ཚང་མར་ཆུ་དང་། གློག དྲོད་རླངས་བཅས་སྤྱོད་པར་སེམས་ཁྲལ་བྱེད་དགོས་མེད་པ་དང་། སྡེ་ཁུལ་གྱིས་ལག་བསྟར་བྱས་པའི“སྡེ་ཁུལ་ཏང་རྩ་འཛུགས་དང་དྲ་མིག་ཅན་ཟུང་དུ་འབྲེལ་བའི”དོ་དམ་བྱེད་སྟངས་ལས་ཚང་མས་སེམས་ཁྲལ་བྱེད་པའི་གནད་དོན་མང་པོ་ཐག་གཅོད་ཐུབ་པ། གྲོང་རྡལ་ནང་གི་འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་རུ་ཕྱིན་པ་དང་། ཁུལ་ཆུང་མཐའ་འཁོར་དུ་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་ཆ་ཚང་བ། ཚོང་ར་ཆེ་གྲས་དང་གཙང་འགྲམ་སྤྱི་གླིང་བཅས་ཚང་མ་ཡོད་ཅིང་། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་པས། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།
ཉི་དོན་དང་སྐལ་མཆོག་གིས་བསྒྱུར།