http://zw.xzqnb.cn/Content/weixinlogo.png
དུས་རབས་ཉེར་གཅིག་པ་ནི་མིའི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་ས
http://zw.xzqnb.cn/m/content/2025-08/08/001330.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅ ། །གཞི་རིམ་གྱི་རྨང་གཞིའི་སློབ་གསོའི་བསླབ་གཞི་བསྒྱུར་བཅོས་སྐོར་གྱི་བསམས་གཞིགས།

等待处理…

༄༅ ། །གཞི་རིམ་གྱི་རྨང་གཞིའི་སློབ་གསོའི་བསླབ་གཞི་བསྒྱུར་བཅོས་སྐོར་གྱི་བསམས་གཞིགས།

2025年08月08日

དུས་རབས་ཉེར་གཅིག་པ་ནི་མིའི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་སྔོན་དང་བསྡུར་ཐབས་མེད་པ་ཞིག་ཡིན། སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནུས་ཤུགས་གཙོ་བོ་སློབ་གསོ་ཡིན་ལ། ལྷག་པར་དུ་ཚན་རིག་ལག་རྩལ་ནི་སྤྱི་ཚོགས་གོང་འཕེལ་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པས་སྤྱི་ཚོགས་ཀྱི་གནས་བབ་འདིས་ང་ཚོའི་སློབ་གསོར་འདྲི་བ་གང་མང་ཞིག་བཏོན་ཡོད། ལྷག་པར་ཏུ་ང་ཚོའི་རྨང་གཞིའི་སློབ་གསོ་བསྒྱུར་བཅོས་སྐོར་ནི་ང་ཚོས་དུས་རབས་གསར་པའི་ཆབ་སྲིད་དཔལ་འབྱོར་གྱི་དགོས་མཁོ་དང་འཚམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དུས་རབས་གསར་པའི་ཚད་གཞི་དང་མཐུན་པའི་སློབ་གསོའི་སྤུས་ཚད་ལེགས་གྲུབ་ཡོང་བར་ངེས་པར་དུ་དུས་རབས་ཀྱི་དགོས་མཁོར་གཞིགས་ཏེ་ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་བསླབ་གཞི་བསྒྱུར་བཅོས་བྱ་དགོས།

མིག་སྔར། རང་རྒྱལ་གྱིས་གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་སློབ་གསོ་བཅོས་བསྒྱུར་བྱེད་བཞིན་ཡོད་ལ། རྨང་གཞིའི་སློབ་གསོའི་བསླབ་གཞི་བསྒྱུར་བཅོས་དང་། སྤུས་ཚད་སློབ་གསོ་གཙོ་བོར་བཟུང་སྟེ་ཕྱོགས་ཡོངས་ནས་སློབ་མའི་བསམ་བློ་ཀུན་སྤྱོད་དང་། ཚན་རིག་ཤེས་བྱ། ངལ་རྩོལ་ནུས་པ། ལུས་ཕུང་དང་སེམས་ཁམས་བདེ་ཐང་སོགས་ལ་མཐོང་ཆེན་བྱེད་པ། སློབ་མ་གཙོ་བོར་འཛིན་པའི་སློབ་ཁྲིད་བྱེད་ཐབས་མི་འདྲ་བ་སྤྱོད་བཞིན་ཡོད་ནའང་ལག་ལེན་མཐའ་འཁྱོལ་ཞིག་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་པོ་ཞིག་ག་ལ་ཡིན། ལྷག་པར་དུ་འབྲོག་ཁུལ་གྱི་སློབ་མའི་ཆུ་ཚད་དང་། ས་གནས་ཀྱི་ཆ་རྐྱེན། ཁྱིམ་བདག་དང་དགེ་རྒན་གྱི་རིག་གནས་ཆུ་ཚད་སོགས་དབང་གིས་དེར་གནད་དོན་མི་ཉུང་བ་ཞིག་ལྷག་སྲིད། བདག་གིས་གཞི་རིམ་གྱི་སློབ་གྲྭའི་ཆ་རྐྱེན་དང་མཐུན་པའི་རྨང་གཞིའི་སློབ་གསོའི་བསླབ་གཞི་བསྒྱུར་བཅོས་ཀྱི་ཐབས་ལམ་མམ་ལྟ་ཚུལ་ཞིག་གླེང་ན།

དང་པོ། བསླབ་གཞི་གསར་པ་བསྒྱུར་བཅོས་ཀྱི་དོན་སྙིང་།

དེ་ཡང་སྲོལ་རྒྱུན་སློབ་ཁྲིད་དུ་བུམ་པ་གང་བྱོལ་དང་། དམིགས་ཡུལ་སྣ་གཅིག གོ་རིམ་ཧྲིལ་པོ། ཐབས་ཤེས་གཅིག་རྐྱང་ཁོ་ནར་ཟད་ལ། བསླབ་གཞི་གསར་པས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་པའི་བསམ་བློ་དེ་དམིགས་སུ་བཟུང་ནས། སློབ་མ་ཚང་མ་འཕེལ་རྒྱས་ཡོང་ཐུབ་པའི་གནས་ངེས་ཅན་ཞིག་བསྐྲུན་ཡོད་ལ། སློབ་མའི་རང་གཤིས་ཀྱང་སྣ་མང་ཅན་དུ་གསོ་སྐྱོང་ཐུབ་པ་སྟེ། སློབ་མ་ནི་སློབ་ཁྲིད་ཀྱི་གཙོ་གནད་ཡིན། རྒྱུ་མཚན་ནི་སློབ་ཁྲིད་དེ་སློབ་མའི་འཚོ་བ་དངོས་དང་འབྱུང་འགྱུར་གྱི་འཚོ་བར་དམིགས་ཡོད་ལ། སློབ་མས་སློབ་ཁྲིད་ཀྱི་ཁྲོད་དུ་བདག་པོ་ཡི་གོ་གནས་ཟིན་ཡོད་པས། སློབ་ཁྲིད་བྱེད་སྒོ་ནི་སློབ་མས་རང་འགུལ་ངང་བསམ་གཞིགས་དང་ཞིབ་འཇུག གསར་གཏོད་བྱ་རྒྱུ་དེ་ཡིན། སྲོལ་རྒྱུན་སློབ་གསོའི་སློབ་ཁྲིད་ཁྲོད་དུ་སློབ་མ་ནི་རིག་གནས་བསྡུ་མཁན་དང་དགེ་རྒན་ནི་རིག་གནས་གསོག་མཁན་དུ་སེམས་མོད། བསླབ་གཞི་གསར་པས་སློབ་ཁྲིད་དང་སློབ་མའི་འབྲེལ་བར་དཔག་ནས་སློབ་མས་དོན་གོ་བ་དང་། ཉམས་སུ་མྱོང་བ། བསམ་གཞིགས་དང་ཞིབ་འཇུག གསར་གཏོད་བཅས་ལ་དོ་སྣང་ཆེན་པོ་བྱེད་དགོས།

གཉིས་པ། ཡང་དག་པའི་བསམ་བློའི་མཛུབ་སྟོན་གྱི་དམིགས་ཡུལ་དགོས་པ།

གཅིག བསམ་བློའི་མཛུབ་སྟོན།

བློ་མཐུན་ཏིང་ཞའོ་ཕིན་གྱི་སློབ་གསོའི་གཞུང་ལུགས་ཐད་“སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་ལ་ཁ་ཕྱོགས་པ།”ཞེས་པའི་མཛུབ་སྟོན་ལྟར《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་བཅོས་སྒྱུར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་བའི་སྐོར་གྱི་ཐག་གཅོད》ཡིག་ཆའི་དགོངས་དོན་ལྟར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསླབ་གཞིའི་མ་ལག་ཞིག་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་སློབ་གསོའི་བསླབ་གཞི་གསར་པའི་བསྒྱུར་བཅོས་ལེགས་པོ་བྱས་ཏེ་ལག་བསྟར་རྒྱུན་འཁྱོངས་ཡོང་བ་བྱེད་དགོས།

གཉིས། དམིགས་ཡུལ།

སློབ་མ་གཙོ་གནད་དུ་བཟུང་ནས་ཕྱོགས་ཡོངས་ནས་སྤུས་ཚད་མཐོར་འདེགས་དགོས་པ་སྟེ།

༡ སློབ་མའི་ལུས་སེམས་བདེ་ཐང་དང་། རིག་པ་ནངས་པར་འཆི་ཡང་བསླབ་ཞེས་པ་ལྟར་མི་ཚེ་ཧྲིལ་པོར་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་སྐྱེད་བསྲིང་བྱེད་པ།

༢ ཕྱོགས་རིས་མེད་པར་བསླབ་གཞི་ཡོངས་ལ་དགའ་ཞེན་ཡོད་པ།

༣ སློབ་མའི་མཐོང་ཐོས་མྱོང་གསུམ་དང་འབྲེལ་ནས་ཚན་རིག་ལག་རྩལ་སྐོར་གྱི་ཤེས་བྱ་དག་ལ་རྒྱུས་ལོན་དགོས་པ།

༤ དོན་ལ་མི་བསམ་པའི་ངག་སྐྱོར་བློ་འཛིན་གྱི་སློབ་སྦྱོང་བྱེད་ཐབས་རྙིང་པ་དེ་འདོར་ནས་བསམ་གཞིགས་དང་། འབྲེལ་འདྲིས། གྲོས་བསྡུར་གྱི་ཐབས་ལམ་གསར་བ་བཀོལ་བ།

གསུམ་པ། བསླབ་གཞི་གསར་པ་དང་འཚམས་པའི་སློབ་ཁྲིད་བྱེད་ཐབས་གསར་པ་སྤྱོད་པ།

སློབ་མ་ནི་ས་བོན་ལྟ་བུ་ཞིག་ལ་དཔེ་བཞག་ན། སློབ་གྲྭ་ནི་ས་བོན་འདེབས་སའི་ས་ཞིང་དང་། དགེ་རྒན་ནི་ཞིང་པ། སློབ་ཁྲིད་ནི་ས་བོན་འདེབས་པའི་ལག་ལེན་དང་ཐབས་ཤེས་ཡིན་པས། ས་བོན་དེ་རྐང་པ་བརྟན་པོ་ཞིག་ཚུགས་ཐུབ་མིན་དང་ལོ་འདབ་ཡག་པོ་ཞིག་རྒྱས་ཐུབ་མིན་ཡང་གཙོ་བོ་དེ་ལ་རགས་ལས་པ་ཡིན། དེས་ན། སྣ་གཅིག་གི་ཡིག་ཐོག་གི་ཤེས་བྱ་ཁོ་ན་སློབ་མར་ཁྲིད་པ་ཙམ་མིན་པར་སློབ་མར་རིག་སྟོབས་འཕེལ་པ་དང་། གསར་གཏོད་ཀྱི་ནུས་པ་བསྐྱེད་པ། ཆ་ཡོངས་ནས་སྤུས་ཚད་མཐོར་འདེགས་བྱས་ན་སློབ་ཁྲིད་བྱེད་ཐབས་གསར་པ་སྤྱོད་དགོས་པ་སྟེ།

༡ ཡིག་རྒྱུགས་རང་བཞིན་ཅན་ནས་ནུས་ལྡན་རང་བཞིན་ཅན་ལ་བསྒྱུར་བ།

དེང་སྐབས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་ནི་“ཡོན་ཏན་ཀླད་པ་ན་གནས་པ་” ཅན་མ་ཡིན་པར་ལག་ལེན་དུ་འཁྱོལ་ཐུབ་པའི་“ཡོན་ཏན་ལག་པར་གནས་པ”ཅན་གྱི་ཤེས་ལྡན་མི་སྣ་ཡིན་པ་དང་། སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་དེ་ཡང་བེད་སྤྱོད་བྱེད་རྒྱུ་རང་ཡིན་པས། སློབ་མའི་སློབ་སྦྱོང་གི་བྱེད་ཐབས་ཀྱང་དཔེ་དངོས་ཀྱི་དྲིས་ལན་ཇི་མ་ཇི་བཞིན་ངག་སྐྱོར་བློ་འཛིན་ཙམ་མིན་པར། མནོ་བསམ་གང་མང་བཏང་ནས་དྲིས་ལན་རང་ཉིད་ཀྱི་འཚོལ་ཐུབ་པ་བྱེད་དགོས།

༢ དགེ་སློབ་མཉམ་ཞུགས་ལ་བསྒྱུར་བ།

སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ནི་དགེ་རྒན་གྱིས་གོང་ནས་འཆད་ཁྲིད་རྐྱང་དང་།སློབ་མས་འོག་ནས་ཉན་རྐྱང་རང་ཡིན་པས། དགེ་རྒན་གཙོ་བོ་དང་སློབ་མ་ཕལ་བ་ཡིན་པས་སློབ་མའི་གནས་ཚུལ་ལ་དེ་འདྲའི་དོ་སྣང་བྱེད་ཀྱི་མེད་པར་སློབ་ཐུན་ཧྲིལ་པོའི་དུས་ཚོད་དགེ་རྒན་གྱིས་ཁྲིད་རྐྱང་བྱེད་ཀྱིན་ཡོད། སྣང་ཚུལ་དེ་རིགས་བསྒྱུར་བཅོས་བྱེད་པར་བློ་མཐུན་ཐའོ་ཞིན་ཀྲི﹝陶行之﹞ལགས་ཀྱིས་“སློབ་ཁྲིད་མཉམ་འབྲེལ་”གྱི་ལྟ་བ་བཏོན་པ་ལྟར། དགེ་སློབ་མཉམ་ཞུགས་ཀྱིས་སློབ་ཁྲིད་བྱེད་ཐབས་སྤྱད་ནས་སློབ་མའི་ནུས་པ་སྐྱེད་སྲིང་བྱེད་དགོས།

༣ སྲོལ་རྒྱུན་རང་བཞིན་གྱི་སློབ་ཁྲིད་རྩ་འཛུགས་ལས་སྒོ་འབྱེད་རང་བཞིན་ཅན་ལ་བསྒྱུར་བ།

སྲོལ་རྒྱུན་གྱི་དཔེ་ངོས་ཀྱི་ཤེས་བྱ་ཁོ་ནར་བརྩོན་པའི་སློབ་ཁྲིད་བྱེད་ཐབས་ལས་བརྒལ་ནས་སློབ་ཁང་ནས་ཐོན་ཏེ་སློབ་མ་ལག་ལེན་དངོས་ལ་ཞུགས་པ་དང་། སློབ་གྲོགས་དབར་བསམ་ཚུལ་བརྗེ་རེས་བྱེད་པ། གློག་ཀླད་དྲ་རྒྱ་དང་རྒྱང་མཐུད་སློབ་གསོ་སོགས་ལས་ཤེས་བྱ་སྣ་མང་ལ་སྦྱངས་ནས་སློབ་མའི་མཐོང་རྒྱ་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

བཞི་པ། སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་འགོད་སྟངས་ལ་འགྱུར་བ་གཏོང་བ།

སློབ་ཁྲིད་ཀྱི་ནང་དོན་གཙོ་གནད་ཁ་གསལ་ཅིང་ཞིབ་ཚགས་པའི་སྒོ་ནས་སློབ་མར་ཤེས་སུ་འཇུག་དགོས་ན་ངེས་པར་དུ་སློབ་ཁྲིད་མ་འཚོགས་སྔོན་གྱི་གྲ་སྒྲིག་ཟིན་བྲིས་ཆ་ཚང་ཞིག་འདེབས་རྒྱུ་ནི་གཙོ་བོ་ཡིན། ཉམས་མྱོང་ཅན་གྱི་དགེ་རྒན་ཞིག་ཡིན་ནའང་འདྲ། དགེ་རྒན་གསར་པ་ཞིག་ཡིན་ནའང་འདྲ། སློབ་ཁྲིད་མ་བྱས་སྔོན་ལ་གྲ་སྒྲིག་ཟིན་བྲིས་ཡག་པོ་ཞིག་བཏབ་ན་ད་གཟོད་སློབ་ཚན་དེའི་དཀའ་གནད་དང་གཙོ་གནད་གང་ཡིན་པ་གོ་རིམ་ཡོད་པའི་སྒོ་ནས་ཁྲིད་ཐུབ་པ་ཡིན། གཞི་རིམ་གྱི་སློབ་མ་ལ་མཚོན་ན་ཕྱོགས་གང་ཐད་ནས་གཞན་དང་བསྡུར་ན་ཆུ་ཚད་ཅུང་ཞན་པས། སློབ་མའི་ཆུ་ཚད་དངོས་ལ་གཞིགས་ནས་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། སློབ་ཚན་དེའི་དཀའ་གནད་དང་གཙོ་གནད་རེ་རེ་བཞིན་འགྲེལ་བཤད་ཡག་པོ་ཞིག་མ་བྱས་པར་དུམ་མཚམས་དབྱེ་ཞིབ་ཙམ་དང་སྤྱི་ཁོག་གི་འགྲེལ་པ་ཙམ། ཚིག་ངོས་ཀྱི་འགྲེལ་པ་ཙམ་གྱིས་འབྲས་བུ་བཟང་པོ་ཞིག་ཐོབ་མི་ཐུབ་པས། བསླབ་གཞི་གསར་པའི་བསྒྱུར་བཅོས་དང་མཐུན་པའི་སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་ཡག་པོ་ཞིག་འགོད་རྒྱུ་དེ་ཡང་གཙོ་བོ་ཡིན།

ལྔ་པ། ས་གནས་དང་སློབ་གྲྭ་རང་དང་འཚམས་ཤིང་མཐུན་པའི་བསླབ་གཞི་ཞིག་སྒྲིག་བཟོ་བྱེད་པ།

གཞི་རིམ་གྱི་སློབ་མ་ལ་མཚོན་ན་རྒྱ་ཡིག་གི་ཆུ་ཚད་ཅུང་ཞན་པས་སྐད་གཉིས་ཀྱི་སློབ་ཁྲིད་བྱེད་ཐབས་གཙོ་བོར་འཇོག་རྒྱུ་ནི་གལ་ཆེན་ཞིག་ཡིན་ལ། གཞི་རིམ་ཁུལ་ལ་ཕལ་ཆེར་ལག་བསྟར་བྱེད་བཞིན་ཡོད། འོན་ཀྱང་བསླབ་གཞིའི་ཆ་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཅིག་གྱུར་གཏན་འཁེལ་བྱེད་པའི་བསླབ་གཞིའི་སློབ་དེབ་ཞིང་འབྲོག་ས་གནས་ཀྱི་སློབ་མའི་ཤེས་བྱའི་ཆུ་ཚད་དང་མཐུན་པའི་སློབ་མའི་རྨང་གཞིའི་ཤེས་བྱའི་ཐད་དང་། ཚན་རིག་ཤེས་བྱ་སོགས་ལ་གོ་ལེན་མེད་པ་ལ་ཁ་གསལ་བྱེད་པའི་སློབ་དེབ་ཞིག་སྒྲིག་རྒྱུ་ནི་དོན་སྙིང་ལྡན་ལ། སློབ་མའི་སྤུས་ཚད་མཐོར་འདེགས་ལ་དགོས་པ་མི་དམན་པ་ཡོད།

དྲུག་པ། དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ།

དགེ་རྒན་ནི་ “མིའི་རིགས་ཀྱི་བསམ་བློའི་བཟོ་རྩལ་མཁས་པ་”ཞེས་པའི་གཟི་བརྗིད་ཅན་གྱི་མིང་ཞིག་བཏགས་ཡོད་པས། དགེ་རྒན་ནི་སློབ་མའི་སྣེ་སྟོན་པ་དང་། ལམ་འཁྲིད་མཁན་ལྟ་བུ་ཞིག་ཡིན་པའི་ཆ་ནས། སློབ་མ་འཚར་ལོངས་ཡག་པོ་ཞིག་དང་ཡར་ཐོན་བཟང་པོ་ཡོང་མིན་ལ་ཐད་ཀར་འབྲེལ་བ་ཡོད། དགེ་རྒན་ནི་སློབ་མའི་སེམས་ཁོང་གི་མིག་དཔེ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ན། འགྲོ་འདུག་སྤྱོད་གསུམ་གང་གིས་ཀྱང་སློབ་མར་བག་ཆགས་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པས། དགེ་རྒན་གྱི་བྱང་ཚད་དམ་སྤུས་ཚད་གོང་འཕེལ་གཏོང་རྒྱུ་དེ་ཡང་གཙོ་བོ་ཞིག་ཡིན། དགེ་རྒན་གྱིས་གཅིག་ནས་རང་སྟེང་ནས་འགྲོ་འདུག་འཆད་གསུམ་ལ་དོ་སྣང་བྱེད་དགོས་པ་དང་། གཉིས་ནས་རང་གི་ཤེས་བྱའི་ཆུ་ཚད་གོང་འཕེལ་བཏང་ནས་དེང་རབས་ཀྱི་རྩིས་འཁོར་དང་སྨྱན་སྦྱོར་སོགས་ལ་སློབ་སྦྱོང་བྱས་ནས་ཕྱོགས་ཡོང་ནས་རང་ཉིད་གོང་འཕེལ་མ་བཏང་ན་སློབ་ཚན་ཁ་ཤས་ཀྱི་ནང་དོན་ནི་ཤེས་བྱ་སྣ་འདུས་ཡིན་པས། སློབ་མར་འགྲེལ་བ་ཡག་པོ་ཞིག་རྒྱག་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཡིན། དགེ་རྒན་རྣམ་པས་ཁྲིད་གཞི་གསར་བ་སྒྱུར་བཅོས་ལ་སློབ་སྦྱོང་གང་ལེགས་གནང་སྟེ་དེའི་སྙིང་དོན་དང་། སློབ་ཁྲིད་བྱེད་ཐབས་གསར་པ་﹙རོལ་རྩེད། དྲི་བ། ཚོགས་ཆུང་གྲོས་བསྡུར། སློབ་ཁྲིད་ཡོ་ཆས།﹚ལ་ཤེས་རྟོགས་དང་། དེ་མུ་མཐུད་ལག་ལེན་གནང་ན་གཞི་ནས་སྲོལ་རྒྱུན་གྱི་རྒྱ་ལས་ཐར་ཏེ་སློབ་ཁྲིད་གསར་བ་དང་བྱང་ཚད་སློབ་གསོ་ལ་གསོན་ཤུགས་རྒྱས་ཐུབ།

བདུན་པ། སློབ་ཁྲིད་ཀྱི་དཔྱད་འཇོག

དཔྱད་འཇོག་གིས་སློབ་ཁྲིད་ལ་སྐུལ་འདེད་དང་། སྣེ་སྟོན། ལྟ་ཞིབ་བཅས་ཀྱི་ནུས་པ་ལྡན་པས། དེ་ནི་སློབ་མའི་ཆུ་ཚད་ལ་དམིགས་ནས་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ལེགས་བཅོས་དང་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན། གཞི་རིམ་གྱི་སློབ་གྲྭར་སློབ་ཁྲིད་དཔྱད་འཇོག་གི་དོན་ཚན་དང་བསྟུན་ནས་སློབ་མའི་ཆུ་ཚད་དང་འཚམས་པའི་སློབ་ཁྲིད་དཔྱད་འཇོག་གནང་དགོས་པ། སློབ་ཚན་སོ་སོར་དམིགས་ནས་དཔྱད་འཇོག་བྱེད་དགོས་ལ། སློབ་སྤྱི་དང་སློབ་མ། ཁྱིམ་བདག་བཅས་ཀྱི་གདེང་འཇོག་དང་རེ་བར་ཉན་ནས་སློབ་ཁྲིད་བྱེད་ཐབས་ལ་ཁ་གསབ་དང་བཅོས་སྒྱུར་བྱེད་དགོས།

མདོར་ན། བསླབ་གཞི་གསར་བས་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ཕྱོགས་ལག་བསྟར་བྱེད་དེ། མི་དམངས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་དགོངས་དོན་དང་། ཀུན་སྤྱོད་སློབ་གསོ་སྲོག་རྩ་རུ་བཟུང་སྟེ། གཞི་རིམ་གྱི་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་། ལག་ལེན་གྱི་ནུས་པ་འཕེལ་རྒྱས་སུ་བཏང་ནས་ཕུགས་བསམ་ལྡན་ལ། ཀུན་སྤྱོད་ཡག་པ། ཤེས་ཡོན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་དང་། མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཐད་ལ་ནུས་པ་གལ་ཆེན་ཐོན་དགོས། །

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྟེ་བའི་སློབ་ཆུང་། བཀྲ་བཟང་ཆེ་བ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博