གསར་དུ་བཟོ་བཅོས་བརྒྱབ་པའི་《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་ཨར་ལས་ཀྱི་འོས་སྐུལ་དང་འོས་སྐུལ་དོ་དམ་བྱ་ཐབས》(གཤམ་དུ་བསྡུས་མིང་ལ་《དོ་དམ་བྱ་ཐབས》ཞེས་བརྗོད་རྒྱུ)ཕྱོགས་ཡོངས་ནས་གསལ་འགྲེལ་བྱ་ཆེད། ཟླ་6ཚེས་26ཉིན་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་(གཤམ་དུ་བསྡུས་མིང་ལ་ལྗོངས་་སྡོད་ཁང་འཛུགས་སྐྲུན་ཐིང་ཟེར)གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་བཏོན་པའི་འོས་སྐུལ་དང་འོས་སྐུལ་དོ་དམ་བྱེད་ཐབས་དང་སྲིད་ཇུས་གསལ་འགྲེལ་གྱི་བརྙན་འཕྲིན་ཁ་པར་དྲིལ་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཚོགས་ཁང་གཙོ་བོའི་ཚོགས་འདུར་ཞུགས་མཁན་ལ་ཨར་ལས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲུའུ་དང་། རང་སྐྱོང་ལྗོངས་སུས་འཇོན་དེ་འགོད་བྱེད་པའི་ལྟེ་གནས། རང་སྐྱོང་ལྗོངས་ཨར་ལས་ལས་རིགས་མཐུན་ཚོགས་སོགས་འབྲེལ་ཡོད་འགན་འཁུར་བ་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་ཨར་ལས་ལས་རིགས་ཁེ་ལས་དང་སུས་འཇོན་དེ་འགོད་བྱེད་པའི་ལས་ཚབ་ལས་ཁུངས་ཀྱི་འཐུས་མི། གྲོང་ཁྱེར(ས་ཁུལ)དང་རྫོང་ཁུལ(གྲོང་ཁྱེར་དང་ཁུལ)ཁག་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཡན་ལག་ཚོགས་ཁང་བཙུགས་ཡོད་པ་རེད།
ཚོགས་འདུའི་ཐོག་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཧའོ་ལི་ཏུང་གིས་《དོ་དམ་བྱ་ཐབས》ལ་དམིགས་ནས་བཏོན་པའི་དོན་སྙིང་དང་། གསར་དུ་བསྣན་པའི་སྲོལ་ཡིག འོས་སྐུལ་དཔྱད་བསྡུར་བྱེད་ཐབས་སོགས་ཀྱི་ཐད་ནས་གསལ་འགྲེལ་བྱས་པ་དང་། འོས་སྐུལ་གཏན་འཁེལ་བྱེད་སྟངས་དང་འོས་སྐུལ་དཔྱད་བསྡུར་སྒྲིག་སྲོལ། རིག་ནུས་ཅན་གྱི་སུས་འཇོན་དེ་འགུག་དང་གཉེར་འགན་ལེན་པའི་བརྒྱུད་རིམ་སོགས་གཙོ་གནད་ཐོག་རྒྱས་བཤད་བྱས་ཏེ《དོ་དམ་བྱ་ཐབས》ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཨར་ལས་ལས་རིགས་ཁེ་ལས་ཀྱི་གྲུབ་འབྲས་ཕབ་འཇུག་ལས་དོན་གསོ་སྦྱོང་བྱས་ཏེ་ས་གནས་ས་ཐོག་ཏུ་བཀོལ་སྤྱོད་བྱེད་པ་དང་མཉམ་འགུལ་དོགས་འདྲི་ལན་འདེབས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁེ་ལས་ཀྱི“གོ་ཐུབ་པ། བེད་སྤྱོད་ཐུབ་པ། བཀོལ་སྤྱོད་བྱེད་ཐུབ་པའི”འགན་ལེན་བྱ་རྒྱུ་ཡིན་པ་རེད།
ཚོགས་འདུར་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ཐོག་《དོ་དམ་བྱ་ཐབས》ནང་སུས་འཇོན་དེ་འགོད་བྱེད་པའི“དྲང་གཞག་དང་། གཞུང་དྲང་། ཡོངས་གྲགས་”བཅས་ཀྱི་བྱ་སྤྱོད་ངོས་འཛིན་དེ་བས་ཁ་གསལ་བྱས་པས་ཨར་ལས་ལས་རིགས་ཁེ་ལས་ཀྱིས་ཁང་པ་བཟོ་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་འོས་སྐུལ་དང་འོས་སྐུལ་ཚོང་རར་ཡིད་ཆེས་ཀྱིས་ཁེངས་པ་དང་། བོད་ཀྱི་ཁྲོམ་རའི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།