བཅུ་དྲུག་ལང་ཚོས་སྙེམས་པའི་གེ་སར་གྱི་གཞོན་ནུ་དང་དབྱེར་མ་མཆིས་པའི་རང་ཉིད་ལ་ཆ་མཚོན་ན། ད་བར་གྱི་འཚར་ལོངས་བརྒྱུད་རིམ་ཁྲོད་བྱ་བ་ཆེ་འབྲིང་ཆུང་གསུམ་མང་དག་འཕྲད་མྱོང་ལ་དེ་བས་བློ་ཡུལ་ལ་བག་ཆགས་ཤིན་ཏུ་ཟབ་པའི་ཡུལ་སྐོར་གྱི་གནས་ལ་སོགས་པ་མང་པོས་ངའི་སེམས་དབུས་ལ་བརྗོད་མི་ཤེས་པའི་མྱོང་བ་དུ་མ་སྟེར་མྱོང་། འོན་ཀྱང་སྐར་ཚོགས་བཞིན་གྱི་དོན་དག་ཁྲོད་ནས་ངའི་མི་ཚེ་ཧྲིལ་པོར་བརྗེད་ཐབས་མེད་པ་ནི་ངའི་བློ་སེམས་གཉིས་སུ་དགའ་སྣང་བར་མེད་སྟེར་ཞིང་ཆེས་བྲལ་བར་མི་འདོད་པའི་གནས་ཏེ་མཛེས་སྡུག་གི་ཕ་ཡུལ་ཉིད་དོ། །
ཕ་ཡུལ་ཞེས་པ་སྤྱིར་བཏང་དུ་སྣང་བའི་ཚིག་འབྲུ་འདི་གཉིས་གླེང་ཚེ་ངའི་དམར་ཆུང་སེམས་ཀྱི་ནང་ཆེས་ཐོག་མ་དྲན་འོང་བ་ནི། ཕ་ཡུལ་གྱི་ཕྱོགས་སུ་ཡོད་པའི་ཕ་མ་དང་དགའ་བའི་གྲོགས་པོ་སོགས་དང་མཉམ་དུ་རོལ་བའི་རང་སྣང་གང་སྐྱིད་ཀྱི་འཚོ་བ་དངོས་དང་ལོ་དུ་མའི་སློབ་གཉེར་བྱེད་པའི་ཁྲོད་ཐོབ་པའི་འབྲས་བཟང་བཅས་ངས་སྙིང་ཁོངས་རུས་པའི་གཏིང་ནས་གཅེས་པའི་ཕ་ཡུལ་ཕྱོགས་སུ་ཡོད། དུས་ད་ཆ་ཐག་རིང་མི་ཡི་ཡུལ་དུ་སློབ་གཉེར་བྱེད་སྐབས། ཕ་མ་རང་གི་འཁྲིས་སུ་ཡོད་པའི་འདས་སོང་འཚོ་བ་དག་ཡིད་ལ་བར་མེད་དྲན་ཞིང་སྐབས་འགར་ཕ་ཡུལ་དུ་འཕྲལ་མར་ལོག་འདོད་ཀྱི་བསམ་པའང་དྲག་པོ་སྐྱེས། ངའི་ལོ་ངོ་མང་པོའི་འཚར་ལོངས་བརྒྱུད་རིམ་ནང་ལྷགས་པའི་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་ཕ་ཡུལ་དུ་ལུས་ཡོད་ཅིང་། ན་མཉམ་བྱིས་པ་ལྷན་དུ་རྩེད་མཚར་གཏམ་ལ་རོལ་བའི་མཛེས་སྡུག་ལང་ཚོའང་ལུས་ཡོད། ཕ་ཡུལ་ནི་ང་རང་ལྟེ་ཁྲག་འཕོ་ས་དང་བྱིས་དུས་ཀྱི་བྱ་བ་ཡོད་དོ་ཅོག་དྲན་གསོ་བྱེད་སའི་གནས་ཤིག་ཡིན་པའི་དབང་གིས་ངའི་སེམས་སུ་ནམ་ཡང་ཕ་ཡུལ་ཞེས་པའི་ཚིག་འབྲུ་དེ་གཉིས་རྡོ་བརྐོས་རི་མོ་བཞིན་མ་བརྗེད་བརྟན་པོར་ངེས།
ཕ་ཡུལ་དང་ཁ་བྲལ་བའི་དོན་དེ་བྲིས་དགོས་ཚེ་ངས་ངེས་པར་དུ་འབྲིང་རྒྱུགས་རིག་སྟོབས་སྨྱུག་རྩལ་གྱི་དམག་འཐབ་དེ་མ་བྲིས་ཀ་མེད་དུ་གྱུར། རྒྱུ་མཚན་ནི་འབྲིང་རྒྱུགས་ཀྱི་སྐར་གྲངས་མཐོ་པོ་ཞིག་བཏང་བའི་རྐྱེན་གྱིས་དཔེ་སྟོན་སློབ་གྲྭར་རྒྱུགས་འཕྲོད་པ་དེ་ནི་ང་རང་ཕ་ཡུལ་ཕྱོགས་ནས་གྱེས་ཏེ་གཞན་ཡུལ་དུ་སློབ་གཉེར་བྱེད་པར་བསྐྱོད་པའི་དགོས་པ་ཡང་རེད། ཐེངས་དང་པོར་ཕ་ཡུལ་དང་ཁ་གྱེས་སྐབས། བློ་ཡུལ་དུ་ཁ་བྲལ་མི་འདོད་པའི་སྐྱོ་སྣང་ཞིག་དང་བརྩེ་བ་འོ་ཆུ་གཅིག་འདྲེས་སུ་གྱུར་པའི་ཕ་མའི་འགྲམ་ནས་བྲལ་འདོད་མེད་པའི་མཆི་ཞགས་འཁོར་འོང་། འོན་ཀྱང་ངས་བློ་སེམས་རྣལ་དུ་ཕབ་ནས་དོན་དེར་དཔྱད་སྐབས་རང་ཉིད་ནི་ཕ་ཡུལ་དང་གྱེས་ནས་གཞན་ཡུལ་དུ་སློབ་ར་རྩེར་སོན་ཞིག་ཏུ་སློབ་གཉེར་བྱེད་རྒྱུ་བྱུང་བ་ནི་སེམས་དབུས་ནས་དགའ་སྤྲོའི་སྤུ་ལོང་རྒྱས་པ་ཚོར་བ་མ་ཟད། ད་དུང་ང་ཚོ་ཕ་ཡུལ་དང་བྲལ་མི་འདོད་པ་ནི་གནས་སྐབས་ཀྱི་བདེ་བ་ལ་རེ་སྙེག་བྱེད་པ་ཤེས་བྱུང་། དུས་དེ་ནས་བཟུང་ངས་ཕུགས་བསམ་མངོན་འགྱུར་ཡོང་ཆེད་བརྩོན་འགྲུས་ལ་བྱང་བའི་འདོ་བ་ལྕག་གིས་སྐུལ་ཏེ་ཕྱིན་ཆད་ཀྱི་འོད་ཟེར་སྟོང་ལྡན་ལམ་བུར་བློ་ཁ་ཕྱོགས་བཞིན་མཆིས། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཕ་ཡུལ་དང་བྲལ་བ་ནི་སྐྱོ་གར་ཞིག་མ་ཡིན་པར་རང་ཉིད་ལ་སྔར་ལས་ལྷག་པའི་ཤེས་བྱ་ཡོན་ཏན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་པ་གསལ་པོ་ཚོར་བྱུང་། དེ་བས་ང་ཚོས་ཕ་ཡུལ་ལས་བྲལ་བའི་སྐྱོ་བ་བསྐྱུར་ཏེ་དྲིན་ཆེན་ཕ་མས་བུ་ཆུང་སློབ་གླིང་ར་བར་མངགས་པར་འགྱོད་སེམས་མེད་པའི་ཆེད་སློབ་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱེད་དགོས་པ་དེ་རྟོགས་བྱུང་ལ་ས་པཎ་གྱི་ཞལ་ནས་བསམ་གྱིས་མི་ཁྱབ་པའི་བཀའ་སློབ་རྩ་ཆེན་ཞིག་གསུངས་ཡོད་པ་འདི་ལྟ་སྟེ། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །དེ་ལས་ང་ཚོར་གནས་སྐབས་ཀྱི་བདེ་བ་མཐའ་དག་དོར་ཏེ་མ་འོངས་ཕྱོགས་སུ་བློ་ཁ་བསྒྱུར་དགོས་པ་བསྟན་ཅིང་། མིའི་མི་ཚེ་ནི་ཞི་མིའི་ཨ་སྟོང་དང་འདྲ་བས་ཕ་མར་དོན་མེད་སེམས་ཁྲལ་མི་བཟོ་བར་ཐག་རིང་རྒྱང་གི་ཡུལ་དུ་སློབ་ལ་འབད་པ་ལྷུར་ལེན་བྱེད་རྒྱུ་འགངས་ཆེ།
ཕ་མས་ཕ་ཡུལ་ནས་བུ་ཕྲུག་སློབ་གཉེར་ལ་མངགས་པ་དེ་ང་ཚོའི་མ་འོངས་འཚོ་བར་མནོ་བསམ་བཞེས་པ་ཞིག་ཡིན་པས། ཕ་ཡུལ་དང་བྲལ་བ་དེར་གཏན་ནས་སྐྱོ་སྣང་སྐྱེ་མི་འོས་པར་རྒྱང་རིང་སླད་ཀྱི་ལམ་བུར་མིག་གི་མདའ་མོ་རིང་ཙམ་འཕངས་དགོས་རྒྱུ་འདི་ལྟའོ། །བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༤)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།