མི་མང་པོའི་ཡིད་ངོར་བོད་ནི་སེམས་པ་འཕྲེང་སའི་ཡུལ་མཆོག་ཁྱད་པར་ཅན་ཞིག་རེད། ལོ་གཉིས་ཀྱི་གོང་ཧོ་ནན་ནས་ཡིན་པའི་བུ་མོ་ཁྲེན་དབྱི་ཧྥེའི་ངོས་ནས་བརྗོད་ན་མྱོང་ཚོར་དེ་ལྟར་བྱུང་ཡོད། སྔོན་ཆད་ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་ལན་གཅིག་རོལ་འདོད་ཀྱི་འདུན་པ་ཆེ་རུང་། བོད་དུ་དངོས་སུ་འབྱོར་སྐབས་བསམ་ཡུལ་ལས་འདས་པའི་དཀའ་ངལ་དུ་མ་འཕྲད།
གཞན་གྱིས་བལྟས་ན། ཁྲེན་དབྱི་ཧྥེ་ནི་ཁ་ལ་ཉན་པའི་བུ་མོ་ཞིག་ཡིན་ཞིང་། སློབ་ཆེན་འགྲིམ་སྐབས་ཀྱང་རང་ཉིད་ཆུང་དུས་འཚོ་བ་སྐྱེལ་ས་དང་ཁ་འབྲལ་མྱོང་མེད། འོན་ཀྱང་སློབ་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཁོང་གིས་གློ་བུར་དུ་བསམ་ཡུལ་ལས་འདས་པའི་གདམ་ག་ཞིག་བྱས་པ་སྟེ། ནུབ་རྒྱུད་འཆར་གཞིར་ཞུགས་ནས་ལེ་དབར་སྟོང་གིས་ཆོད་པའི་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་དང་བླངས་ཞབས་ཞུའི་ལས་ལ་ཞུགས་རྒྱུའི་སེམས་ཐག་བཅད་ཡོད། དེ་གར་ཁོ་མོར་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་ཞིག་གི་དགེ་རྒན་ལ་ལས་བགོས་བརྒྱབ་པ་དང་། དུས་དེ་ནས་བཟུང་ཁོ་མོ་དང་བོད་ལྗོངས་དབར་ལས་འབྲེལ་ཟབ་མོ་བྱུང་ཡོད།
ཆུང་དུས་ནས་ཀྲུང་ཡོན་ས་ཁུལ་དུ་འཚོ་བ་བསྐྱལ་བའི་ཁོ་མོའི་ངོས་ནས་བརྗོད་ན། ཐོག་མར་གདམ་ག་འདི་འདྲ་བྱེད་སྐབས་སེམས་ནང་བརྗོད་པར་དཀའ་བའི་རེ་བ་དང་ཕུགས་བསམ་གྱིས་ཕྱུག་མོད། འོན་ཀྱང་རང་ཉིད་ཀྱིས་བདམས་པའི་ས་ཆ་བོད་དང་། ལྷག་པར་དུ་མངའ་རིས་རུ་ཐོག་རྫོང་དུ་དངོས་སུ་འབྱོར་སྐབས། ཚོད་བགམ་དང་འགྲན་སློང་མང་པོ་འཕྲད་རྒྱུ་ཡིན་པ་ནི་ཁོང་གིས་བསམ་ཚོད་ལས་ཡོངས་སུ་འདས། དེའང་ཐོག་མར་ལ་དུག་ཚབས་ཆེན་ཕོག་པ་དང་དེ་ནས་སྐབས་ཅིག་རིང་དེ་གའི་འཚོ་བར་མི་གོམས་པ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད། འོན་ཀྱང་སྡུག་རུས་འཁྱོག་ལ་སྤྲོ་སྣང་ལྡན་པའི་བུ་མོ་དེས་རང་ཉིད་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཏེ། བརྩེ་བ་ཆེན་པོས་འདི་གའི་ཕྲུ་གུ་ཚོ་བྱམས་ཀྱིས་བསྐྱངས།
“འཚོ་བའི་ཐད་ཀྱི་དཀའ་ངལ་ཆེ་ཤོས་ནི་མེ་ཁ་གསོ་རྒྱུ་དེ་རེད། ཉལ་ཁང་ནང་དྲོད་རླངས་མེད་པས་རྡོ་སོལ་བུས་ནས་མེ་ཁ་གསོ་དགོས་ཀྱི་ཡོད། ང་རང་དགེ་རྒན་གཞན་ཞིག་དང་མཉམ་དུ་སྡོད་ཀྱི་ཡོད། ང་གཉིས་གཉིས་ཀར་ཉམས་མྱོང་མེད་ཙང་ལྕགས་ཐབ་ཐེངས་དང་པོ་གཏོང་སྐབས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ནས་མགོ་ན་བ་དང་སྐྱུག་པ་ཤོར་བ་སོགས་བྱས་བྱུང་། དེ་ནས་གསོ་རླུང་གང་ཙམ་བརྔུབས་རྗེས་གཞི་ནས་ཅུང་ཟད་བདེ་རུ་ཕྱིན་སོང”ཞེས་མ་གཞི་ལོ་གཉིས་ལྷག་ཙམ་འདས་ཟིན་རུང་། རུ་ཐོག་རྫོང་དུ་ཐོག་མར་འབྱོར་སྐབས་ཀྱི་གནས་ཚུལ་ད་དུང་ཡང་ཁོང་གི་ཡིད་ལ་གསལ་པོར་དྲན་གྱིན་དེ་ལྟར་བཤད།
དེ་གའི་འཚོ་བར་གང་མགྱོགས་གོམས་པར་བྱ་ཆེད། ཁྲེན་དབྱི་ཧྥེ་ཡིས་ཡུལ་དེ་གའི་མང་ཚོགས་དང་སྤེལ་རེས་ཧུར་ཐག་བྱས་པ་དང་ལས་རོགས་དང་སློབ་མ་ཚོའི་ས་ནས་ཡུལ་སྐད་ཧུར་ཐག་སྦྱངས་ཏེ། འཚོ་བའི་དཀའ་ངལ་སྣ་ཚོགས་ཁྱད་བསད་གང་ཐུབ་བྱས་པ་དང་ཆབས་ཅིག ཁོང་གིས་ད་དུང་ས་གནས་དེ་གའི་རིག་གནས་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ནས་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རང་ཉིད་རིམ་བཞིན་དེ་གའི་འཚོ་བར་གོམས་པར་བྱས། ཁྲེན་དབྱི་ཧྥེ་ཡིས་གད་མོ་དགོད་བཞིན་དུ“ད་ཆ་ངའི་ངོས་ནས་བརྗོད་ན། མེ་ཁ་གསོ་རྒྱུ་ལས་ལས་སླ་བའི་ལས་ཀ་ཞིག་མེད། ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རུ་ཐོག་བ་ཞིག་ཡིན”ཞེས་བཤད།
ཁྲེན་དབྱི་ཧྥེ་ནི་རྒྱ་ཡིག་དགེ་རྒན་ཞིག་ཡིན་ཞིང་། ཁོང་གིས་ལོ་རིམ་དང་པོ་དང་བཞི་པའི་ཕྲུ་གུ་ཚོར་རྒྱ་ཡིག་སློབ་ཀྱི་ཡོད། སློབ་གསེང་སྐབས་ཁོང་ཕྲུ་གུ་ཚོ་དང་མཉམ་དུ་ལྕང་མ་འདེབས་པ་དང་ནག་པང་ཚགས་པར་འདོན་པར་དགའ་བ་མ་ཟད། ད་དུང་ལོ་སྒྲིལ་འབྲས་ཆན་བསྒྲིལ་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་དང་དྲུག་གཅིག་བྱིས་པའི་དུས་ཆེན་བཏང་སྟེ་ཕྲུ་གུ་ཚོ་དང་གྲོགས་པོ་ལྟ་བུའི་འཚོ་བ་སྐྱེལ་གྱི་ཡོད། དེས་ན་ཕྲུ་གུ་ཚོས་ཀྱང་རྒན་ཁྲེན་ལགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
2024ལོའི་ཟླ་7པར། དང་བླངས་ཞབས་ཞུ་མཇུག་འགྲིལ་རྗེས། ཁྲེན་དབྱི་ཧྥེ་བྱ་གཞག་ཚན་པའི་སྒྲིག་ཁོངས་ཀྱི་ཡིག་རྒྱུགས་ལ་ཞུགས་པས། རང་ཉིད་ཀྱི་བསམ་འདུན་ལྟར་རུ་ཐོག་རྫོང་རི་གསུམ་ཤང་སློབ་ཆུང་གི་དགེ་རྒན་གྱི་ལས་གནས་སུ་རྒྱུགས་འཕྲོད།
“ད་ཆ་ངས་ལོ་རིམ་གསུམ་པ་དང་བཞི་པར་དབྱིན་ཡིག་ཁྲིད་པ་མ་ཟད། ད་དུང་ལོ་རིམ་བཞི་པར་ཨང་རྩིས་ཀྱང་ཁྲིད་ཀྱི་ཡོད། ཤེས་བྱ་སྦྱོང་བར་སྐོམ་པ་ཆུ་འདོད་ལྟར་བྱེད་མཁན་སློབ་མ་ཚོས་རྟག་ཏུ་ང་རང་ལ་སློབ་ཁྲིད་ཀྱི་ནང་དོན་ཕུད་པའི་རྒྱ་ཡིག་གི་སྒྲ་གདངས་དང་བརྡ་སྤྲོད་སོགས་ཀྱི་དྲི་བ་མང་པོ་འདོན་གྱི་འདུག ང་རང་རྒྱ་ཡིག་དགེ་རྒན་བྱེད་མྱོང་ཙང་ཕྲུ་གུ་ཚོའི་དྲི་བར་ལན་འདེབས་གང་ཐུབ་བྱེད་ཀྱི་ཡོད”ཅེས་ཤ་ཚ་བའི་ཕྲུ་གུ་ཚོའི་སྐོར་གླེང་སྐབས་ངོ་གདོང་ནས་འཛུམ་མདངས་འཕྱུར་གྱིན་ཁྲེན་དབྱི་ཧྥེ་ཡིས་དེ་ལྟར་བཤད།
ཁྲེན་དབྱི་ཧྥེ་ཡི་སློབ་སྟོན་འོག ཕྲུ་གུ་ཚོའི་དབྱིན་ཡིག་སྦྱོང་འདོད་ཀྱི་སྤྲོ་བ་ཇེ་ཆེར་འཕེལ་ནས་སྦྱངས་འབྲས་ཀྱང་རིམ་བཞིན་ལེགས་སུ་ཕྱིན་ཡོད། “རྒྱུན་གཏན་དབྱིན་ཡིག་ཐོག་ནས་སྤེལ་རེས་རོབ་ཙམ་བྱེད་ཐུབ་ཀྱི་ཡོད་པས། ཡིག་ཚད་སྐར་མ་བརྒྱ་གཏོང་ཐུབ་པ་དེ་བས་སྨོས་ཅི་དགོས”ཞེས་ཕྲུ་གུ་ཚོ་ཡར་རྒྱས་ཕྱིན་པ་མཐོང་སྐབས་སེམས་པ་དགའ་བ་འབུམ་གྱིས་བརྟས་བཞིན་ཁྲེན་དབྱི་ཧྥེ་ཡིས་དེ་ལྟར་བཤད།
སློབ་ཚན་ཁྲིད་ཞོར་ཁོང་གིས་བོད་སྐད་ཧུར་ཐག་སྦྱོང་གི་ཡོད། སློབ་དུས་གསར་པ་འགོ་ཚུགས་པ་ནས་བཟུང་། ཁོང་ལ་འཆར་གཞི་གསར་པ་ཞིག་ཡོད་པ་སྟེ། ཁྱིམ་བདག་ཚོ་དང་འབྲེལ་བ་མང་ཙམ་བྱས་ཏེ་ཕྲུ་གུ་ཚོའི་སློབ་གྲྭའི་ཕྱི་རོལ་གྱི་འཚོ་བར་རྒྱུས་ལོན་ཡག་པོ་བྱས་ནས་སློབ་ཁྲིད་ལས་དོན་དེ་བས་ལེགས་པར་སྤེལ་ཐབས་བྱ་རྒྱུ་དེ་རེད།
བོད་དུ་ཁྲེན་དབྱི་ཧྥེ་ཡི་བྱ་གཞག་ལ་གྲུབ་འབྲས་ཐོབ་པ་དང་གྲོགས་པོ་མང་པོ་ངོ་ཤེས་པ་མ་ཟད། ད་དུང་སེམས་ཀྱི་བརྟེན་སའང་ཐུག་ཡོད། ཁོང་གི་དགའ་རོགས་ཀྱིས་ཁོང་ལ་ལྟ་རྟོག་ཚགས་ཚུད་པོ་བྱེད་ལ། ཁོ་མོའི་ལས་ཀར་ཡང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གཉིས་པོས་རང་རང་གི་བྱ་གཞག་ཆེད་འབད་པ་ལྷུར་དུ་ལེན་བཞིན་མཆིས།
ཁྲེན་དབྱི་ཧྥེ་ཡིས་གསར་འགོད་པར། དང་ཐོག་ནུབ་རྒྱུད་འཆར་གཞིར་ཞུགས་རྒྱུའི་ཐག་བཅད་པ་དེ་གནས་སྐབས་སྡོད་རྒྱུའི་བསམ་བློ་ཁོ་ན་བཏང་བ་ཞིག་ཡིན་སྲིད། འོན་ཀྱང་ད་ཆ་ང་རང་འདི་གའི་ཡོད་ཚད་ལ་བརྩེ་བ་ཟབ་མོ་ཆགས་འདུག་པས། མུ་མཐུད་འདི་གར་སྡོད་འདོད་ཡོད། ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཕྲུ་གུ་ཚོར་ཕུགས་བསམ་སྒྲུབ་རོགས་བྱས་ཏེ། ཁོ་ཚོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།