སྟོང་བསམ་ལ་མི་འཇུག་པ་དང་ཉེས་ལམ་གྱི་ཕྱོགས་སུ་བློ་རྩེ་གཅིག་སྒྲིམ་མི་བྱེད་པར་འོད་ཟེར་སྟོང་དང་ལྡན་ཞིང་དཀྱོག་མཚམས་མང་བའི་མི་ཚེའི་ལམ་བུ་ལེགས་པོ་ཞིག་འདེམས་དགོས་པ་ནི་དུས་རབས་གསར་པའི་གདམ་གསེས་ཀྱི་གལ་ཆེའི་རང་བཞིན་ཡིན།
སྐྱེ་བོ་ཚོགས་ལ་འཇིག་རྟེན་ཁམས་ཆེན་པོ་འདིའི་སྟེང་དུ་མཛེས་སྡུག་ལྟ་བས་མི་ངོམ་པའི་ཆེས་མྱུར་ཤོས་ཀྱི་དངོས་པོ་གང་ཞིག་ཡིན་ཞེས་དྲིས་ན། མི་ལ་ལས་ནམ་མཁའི་དབྱིངས་སུ་འཕུར་བའི་མེ་ཤུགས་འཕུར་མདའ་ཡིན་ཟེར། ཡང་ལ་ལ་ཞིག་གིས་སྐམ་མཚོ་མཐའ་གསུམ་དུ་གནས་པའི་སྲོག་ཆགས་ཆེ་གེ་མོ་ཞིག་ཡིན་ཟེར། འོན་ཀྱང་ང་རང་གི་དྲན་པའི་ངོས་སུ་ཆེས་མྱུར་ཤོས་ནི་གཞན་སུ་ཞིག་ཀྱང་མ་ཡིན་ཏེ་དེ་ནི་སྟོང་བསམ་ཟེར་བ་དེ་རེད་སྙམ། དེའི་རྒྱུ་མཚན་གང་ལགས་ཤེ་ན། བྱམས་བརྩེ་བཀའ་དྲིན་མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཚོས་ང་ཚོ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་འཚོལ་བར་འགྲོ་བའི་དོན་སྙིང་གིས་ཁེངས་པའི་དུས་ཚོད་དེར་སློབ་མའི་ཚོགས་འགའ་ཞིག་ནི་བསམ་བློ་ཕྱི་རོལ་དུ་གཡེང་ནས་ཁྱིམ་དུ་ལོག་བཞིན་པ་དང་། ཁྲོམ་སྐོར་དུ་འགྲོ་བ། སློབ་སྦྱོང་ལ་འབྲས་བཟང་ཐོབ་ནས་དགའ་འབོད་བྱེད་བཞིན་པ། སློབ་ཆེན་ཡག་པོ་ཞིག་ཏུ་རྒྱུགས་ལོན་པ། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བ་ལ་སོགས་པ་སློབ་ཚན་གཅིག་གི་ནང་དུ་མི་ཚེའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཚང་མ་སྟོང་བསམ་གྱིས་ཕྱིན་ཚར་གྱི་ཡོད་པས་ན་དེ་ནི་ཇི་འདྲའི་མགྱོགས་པ་ཞིག་མ་རེད་དམ། སྟོང་བསམ་ཁོ་ན་བཏང་ནས་བསྡད་པའི་སློབ་ཚན་དེ་ཚོས་ཁྱེད་ལ་ཕན་ཐོགས་སྤུ་ཙམ་མེད།
ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་མཐོང་བཞིན་པའི་སྐྱེས་མཆོག་དམ་པ་སུ་འདྲ་ཞིག་ཡིན་རུང་ཚང་མར་ཆེ་ཆུང་ལ་མ་བལྟོས་པར་དོན་སྙིང་ལྡན་པའི་ཕུགས་འདུན་རེ་ཡོད་སྲིད། ཁོ་ཚོས་ཕུགས་འདུན་དེ་ལྟ་བུ་ཞིག་ཡོད་བསམས་ནས་སྟོང་བསམ་གཅིག་པུ་བཏང་སྟེ་འགུལ་བསྐྱོད་དང་བྲལ་ན་འདུན་པ་དེ་ནི་མངོན་འགྱུར་བྱེད་ཐབས་མེད་པའི་རྨི་ལམ་ཞིག་དང་འདྲ་བར་འགྱུར། འགུལ་བསྐྱོད་ནི་དོན་དག་ཆེ་ཆུང་ཕྲ་རགས་གང་འདྲ་ཞིག་བྱས་རུང་མེད་དུ་མི་རུང་བ་ཞིག་ཡིན། ཁྱེད་རང་གི་བྱ་བ་ཞིག་བྱ་གི་ཡིན་ཞེས་ཁ་ནས་བཤད་པ་ཙམ་ལས་ལག་ལེན་དང་འགུལ་བསྐྱོད་མ་བྱས་ན་དེ་ནི"ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ"ལྟ་བུའི་དཔེ་ལ་འགྲོ་བ་ཡིན། འགུལ་བསྐྱོད་ནི་ལེགས་གྲུབ་ཀྱི་རྩ་བ་ཡིན། འགུལ་བསྐྱོད་ནི་རྒྱལ་ཁ་ཐོབ་པའི་གསང་ཐབས་ཀྱང་ཡིན།
དུས་རབས་གསར་པའི་གཞོན་ནུ་ཚོ་བྱ་སྤྱོད་སྤེལ་མཁན་གྱི་མི་ཞིག་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་ཆེད་ཧུར་ཐག་འབད་ཐག་བྱེད་དགོས། འབད་པ་མ་བྱས་ན་རྒྱལ་ཁ་ཐོབ་སྲིད་དམ། འགུལ་སྐྱོད་མ་བྱས་ན་སྟོབས་ཤུགས་ཆེར་བསྐྱེད་ག་ལ་ཐུབ། དུས་རབས་གསར་པའི་གཞོན་ནུ་ཡིན་ན་སྟོང་བསམ་གྱི་ཀློང་དུ་ཚུད་པའི་གཞོན་ནུ་ཞིག་མི་བྱེད་པ། ནར་སོན་ཐབས་མེད་པའི་གཞོན་ནུ་ཞིག་དེ་བས་ཀྱང་མི་བྱེད་པར་རང་ཉིད་ལ་དམིགས་ཡུལ་ཞིག་ཡོད་དགོས་ལ་འགུལ་བསྐྱོད་དང་གྲོགས་པོ་ཡང་སྒྲིག་དགོས། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།