སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་གཅིག་གྱུར་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་རིག་གནས་གཞི་གཅིག་ཏུ་འདྲེས་པ་དང་གེགས་བར་ཇི་ཙམ་ཆེན་པོ་འཕྲད་ཀྱང་གོང་བུ་གཅིག་ཏུ་སྒྲིལ་ཤུགས་བརྟན་པོ་ཡོད་པ་རྦད་དེ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་བགོ་ཐབས་མེད་པ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་ཐབས་མེད་པ། མི་རིགས་ཁ་ཐོར་ཐབས་མེད་པ། ཤེས་དཔལ་གྱི་རྒྱུན་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་ནི་ནམ་ཡང་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་སྲོག་ཤིང་ཡིན་པ། འགྱུར་མེད་སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དང་འབྲེལ་ཡོད་པ་བཅས་གཏན་འཁེལ་བྱས་ཡོད”ཅེས་གསུངས། ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་ནི་ལོ་རྒྱུས་ཀྱི་སྟེས་དབང་ཞིག་མིན་པར། དེ་ནི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།
རང་རྒྱལ་གྱི་ས་ཁམས་ཁོར་ཡུག་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་ལ་རང་བྱུང་གི་ཁོར་ཡུག་མཁོ་འདོན་བྱས་ཡོད་ཅིང་། རང་རྒྱལ་གྱི་ཤར་ཕྱོགས་ནི་མཐའ་ཡས་རྒྱ་མཚོ་དང་། ལྷོ་ཕྱོགས་ནི་ནགས་ཚལ་སྟུག་པོ། ནུབ་ཕྱོགས་ནི་ལྷུན་ཆགས་ཀྱི་ས་མཐོ། བྱང་ཕྱོགས་ནི་ཐང་རྒོད་ཆེན་པོ་བཅས་ཡིན་པས་ཐུན་མིན་གྱི་ཁོར་ཡུག་འདི་འདྲ་ཞིག་གི་ཁྲོད་དུ་ཀྲུང་ཧྭའི་ཤེས་དཔལ་སྐྱེད་སྲིང་བྱས་ཡོད། ས་ཁམས་ཁོར་ཡུག་འདི་ལྟ་བུའི་ཁྲོད། མི་རྣམས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་དམ་ཟབ་ཡོད་པས། དེ་ལས་བྱུང་བའི་རིག་གནས་ཀྱི་གཅིག་གྱུར་རང་བཞིན་ཡང་སྔར་བས་མངོན་གསལ་དོད་དུ་སོང་ཡོད། ཀྲུང་ཧྭའི་ས་གཞི་ཆེན་པོའི་ས་ཁོངས་ཁག་གི་གནའ་རྫས་རྟོག་ཞིབ་གསར་རྙེད་དབར་འབྲེལ་བ་ཆེན་པོ་ཡོད་པ་ང་ཚོས་མཐོང་ཐུབ་པ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱིས“ཇ་རྟའི་ཉོ་ཚོང་ཁྲོམ་ར”ལྟ་བུའི་དཔལ་འབྱོར་སྤེལ་རེས་དང་། དེ་བཞིན་ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ་ལྟ་བུའི་རིག་གནས་མཉམ་འདྲེས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ས་ཁམས་ཁོར་ཡུག་དེ་རིགས་ཀྱིས་སྐྱེད་སྲིང་བྱས་པ་ནི་བཀག་སྡོམ་གཞན་འབུད་ཀྱི་ཤེས་དཔལ་གྱི་ཁེར་རྐྱང་གླིང་ཕྲན་ཞིག་མ་ཡིན་པར། བློ་ཁ་ཕྱོགས་ཤུགས་ཆེན་པོ་ལྡན་པའི་ཤེས་དཔལ་གྱི་འཐེན་ཤུགས་ར་བ་ཞིག་ཡིན།
སྐད་ཡིག་གཅིག་གྱུར་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན། ཆིན་ཧྲི་ཧོང་གིས་ཡི་གེ་གཅིག་གྱུར་བཟོས་ཏེ་ཡུལ་སྐད་འདྲ་མིན་སྨྲ་མཁན་མི་རྣམས་ཀྱིས་ཡིག་ཐོག་ནས་སྤེལ་རེས་བྱེད་ཐུབ་པ་བྱས་ཡོད། ད་ཆ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བཏང་བ་དེས་ཀྲུང་ཧྭ་མི་རིགས་ཁག་དབར་གྱི་སྤེལ་རེས་སྔར་བས་བདེ་བླག་བྱུང་ཡོད། དོན་མཚོན་ཡི་གེ་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་ནི་སྐད་གདངས་ཀྱི་ཚད་བཀག་ལས་བརྒལ་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མོས་སེམས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུའང་གྱུར་ཡོད། རིག་གནས་ཀྱི་མོས་སེམས་དེ་རིགས་ཀྱིས་གཅིག་གྱུར་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད། ལོ་རྒྱུས་ཐོག་ཝེ་ཅིན་ནན་པེ་རྒྱལ་རབས་གསུམ་ཀྱི་མི་རིགས་མཉམ་འདྲེས་ཆེན་པོ་ཡིན་ནའང་འདྲ། ཡང་ན་ཡོན་ཆིང་རྒྱལ་རབས་གཉིས་ཀྱི་གྲངས་ཉུང་མི་རིགས་དབུས་རྒྱུད་དབང་སྒྱུར་བྱས་པ་ཡིན་ནའང་འདྲ། མཐར་རིག་གནས་ཀྱི་མོས་སེམས་ལས་མི་རིགས་མཉམ་འདྲེས་མངོན་འགྱུར་བྱུང་ཡོད། རིག་གནས་མོས་སེམས་ཀྱི་སྟོབས་ཤུགས་དེ་རིགས་ལས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་ཁྲོད་གཅིག་གྱུར་རྒྱུན་འཁྱོངས་ཐུབ་པ་དང་། གཅིག་གྱུར་ཁྲོད་བསྟུན་མཁས་སྣ་མང་ཐུབ་ཡོད།
མི་རིགས་མཉམ་འདྲེས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་གྱི་སྟོབས་ཤུགས་འབྱུང་ཁུངས་ཤིག་ཡིན། ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིགས་56གིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་དངོས་པོའི་ཐད་ཕན་ཚུན་མཁོ་སྒོ་བརྗེ་སྤྲོད་དང་རིག་གནས་ཐད་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད་པས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཆགས་ཡོད། སོ་ནམ་རིག་གནས་ཡིན་ནའང་འདྲ། ཡང་ན་སྐྱས་སྤོས་རིག་གནས་དང་རི་ཞིང་རིག་གནས་ཡིན་ནའང་འདྲ། གང་ལྟར་ཚང་མས་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་ཁྲོད་རང་ཉིད་ཀྱི་གནས་བབ་རྙེད་ཡོད། མཉམ་འདྲེས་དེ་རིགས་ལས་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་ཉམས་ཞན་དུ་བཏང་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སྣ་མང་ཕུན་སུམ་ཚོགས་པར་གྱུར་ཡོད། མི་རིགས་ཁག་གིས་རང་ངོས་ཀྱི་རིག་གནས་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག ཀྲུང་ཧྭའི་ཤེས་དཔལ་གྱི་ལྟེ་བའི་རིན་ཐང་ལ་ཐུན་མོང་ཐོག་མོས་པ་བྱས་ནས་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐུན་སྒྲིལ་གཅིག་གྱུར་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་ནི་ཀྲུང་གོ་བས་ཤ་ཁྲག་བློས་གཏོང་གི་སྣ་སུན་ལས་བྱུང་བའི་རྩ་ཆེའི་ཉམས་མྱོང་དང་བསླབ་བྱ་ཞིག་རེད”ཅེས་ནན་བཤད་གནང་ཡོད། དུས་རབས་གསར་པར་ང་ཚོས་ཀྲུང་ཧྭའི་ཤེས་དཔལ་གྱི་གཅིག་གྱུར་རང་བཞིན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་སྒོ་དབྱེ་བསྟུན་མཁས་ཀྱི་བློ་རྒྱར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཤུགས་རྒྱག་དགོས།
བདེ་དབང་གིས་བསྒྱུར།