འདི་ནི་བསོད་ནམས་ཆོས་སྒྲོན་གྱིས་འགྲན་བསྡུར་བྱེད་བཞིན་པ།
ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་གངས་ཤུད་རི་འཛེགས་ཀྱི་བུད་མེད་ཀྱི་ཐག་ཐུང་དང་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་ནང་། བསོད་ནམས་ཆོས་སྒྲོན་གྱིས་ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད་ཟངས་ཀྱི་རྟགས་མ་གཉིས་བླངས་ཡོད།
ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནས་ཡིན་པའི་བསོད་ནམས་ཆོས་སྒྲོན་ལ་གངས་རིར་ལྷན་སྐྱེས་ཀྱི་དགའ་སྣང་ཞིག་ཡོད་ཅིང་། ཁོང་གིས་གངས་ཤུད་རྣམ་གྲངས་སྦྱངས་ནས་ལོ་དྲུག་ཙམ་སོང་ཡོད། དང་ཐོག་ཁོང་གིས་མཐོ་ཞིང་གཡང་གཟར་བའི་གངས་ལམ་ལ་སྐྲག་སྣང་བྱེད་ཀྱི་ཡོད་ལ། སྦྱོར་བརྡར་བྱེད་སྐབས་ཐེངས་མང་འགྱེལ་ནས་པུས་མོར་རྨས་སྐྱོན་ཡང་ཕོག་མྱོང་ཡོད། འོན་ཀྱང་ཚོགས་པའི་་རྩལ་ཁྲིད་པ་དང་བཅས་པའི་ལྕག་སྐུལ་དང་རོགས་རམ་འོག་ལུས་པོའི་དཀའ་ངལ་དང་སེམས་ཁམས་ཀྱི་འཇིགས་སྣང་རིམ་བཞིན་ཁྱད་དུ་བསད་ཡོད།
བསོད་ནམས་ཆོས་སྒྲོན་གྱིས་གསར་འགོད་པར“ངའི་ལུས་རྩལ་གྱི་མི་ཚེ་ཐོག་མཐའ་བར་གསུམ་དུ་བདེ་བླག་ཡོང་མི་སྲིད་པ་ངས་ཤེས་ཀྱི་ཡོད་ལ། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ངལ་བ་ཚང་མ་འབྲས་མེད་དུ་གྱུར་བའི་ཚོར་སྣང་ཡང་བྱུང”ཞེས་བཤད།
དགའ་ཞེན་ཡོད་སྟབས་དེ་བས་རྒྱུན་འཁྱོངས་བྱས།
བསོད་ནམས་ཆོས་སྒྲོན་གྱིས“ངའི་ལོ་གསར་གྱི་བསམ་འདུན་ནི་ནང་མི་ཚང་མ་བདེ་ཐང་ཡོང་རེ་བྱེད་ཀྱི་ཡོད། ཁོང་ཚོས་སྔ་བར་ཕྱི་གསུམ་དུ་ང་ལ་རྒྱབ་སྐྱོར་དང་ཟོལ་མེད་ཀྱི་བརྩེ་བ་བཅངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཉམ་དུ་འཛོམས་སྐབས་ངས་ནང་མི་ཚོ་ཁྲིད་དེ་བློ་འདོད་ལྟར་གྱི་ཡུལ་སྐོར་ཞིག་བྱས་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ལྟ་འདོད་འདུག”ཅེས་བཤད།
སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་བ་དང་བསྟུན་ནས། བསོད་ནམས་ཆོས་སྒྲོན་དང་རུ་མི་ཚོའང་དབྱི་ཐ་ལིའི་སྨི་ལན་དུ་བསྐྱོད་པའི་ལམ་ལ་བཞུད་དེ་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་འོས་ཐོབ་འགྲན་བསྡུར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། “སླད་ཕྱིན་ངས་དེ་བས་འབད་བརྩོན་གྱིས་གོམ་སྟབས་བརྟན་པོ་དང་ཟུང་ནུས་གསོག་འཇོག་བྱས་ནས། ནུས་ཤུགས་ཡོད་རྒུས་2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་འོས་ཐོབ་རག་ཐབས་བྱེད་ཀྱི་ཡིན། གཟི་བརྗིད་དོན་གཉེར་བྱེད་མཁན་ཚོར་མཐར་གཟི་བརྗིད་ཐོབ་ངེས་རེད་ལ། འབྱུང་འགྱུར་ལ་རེ་བས་ཁེངས་སྲིད་པའི་ཡིད་ཆེས་ཡོད”ཅེས་བསོད་ནམས་ཆོས་སྒྲོན་གྱིས་བཤད།
པད་ཆོས་ཀྱིས་བསྒྱུར།