http://zw.xzqnb.cn/Content/weixinlogo.png
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའ
http://zw.xzqnb.cn/m/content/2024-12/20/000982.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལ

等待处理…

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལ

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།

2024年12月20日

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། (སྨད་ཆ)

གསུམ། “དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཁ་གསལ་བཟོས་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་བཅས་རེད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་སྐབས་རང་རྟོགས་ངང་བོད་ཀྱི་སྒྱུར་བཅོས་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

བརྟན་ལྷིང་ལ་དམིགས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་རྒྱུན་མཐུད་འཛུགས་གཏོད་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ནི་དེང་རབས་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཀྱིས་དེང་རབས་ཅན་ལ་འཚམ་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཞིག་ཆགས་པར་བྱས་ནས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བོད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་དང་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་སྐུལ་འདེད་ནུས་ལྡན་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བརྟན་པོ་སྐྲུན་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འགྱུར་བར་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་རིགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

འཕེལ་རྒྱས་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་རྒྱུན་མཐུད་དེ་འཛུགས་གཏོད་བྱེད་དགོས་ཤིང་། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་རྐྱང་པ་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཡོད་མ་འཇོག་མུ་མཐུད་རྒྱ་ཆེར་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ་སོགས“ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་ཤུགས་ཆེན་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བསྐྲུན་པ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་མིག་སྔར་གསོན་ཤུགས་དང་འབྱུང་འགྱུར་ལ་མངོན་མེད་སྟོབས་ཤུགས་ཡོད་པའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཙག་ཙིག་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

སྐྱེ་ཁམས་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་རྒྱུན་མཐུད་དེ་འཛུགས་གཏོད་བྱེད་དགོས་ཤིང་། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་གནས་པ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་གནས་ཡོད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་གྲྭའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཇོ་མོ་གླང་མ་དང་བྱང་ཐང་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་དང་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ལམ་ལུགས་གསར་གཏོད་མགྱོགས་སུ་གཏོང་བ་དང་། ལམ་ལུགས་ཀྱི་མཁོ་སྤྲོད་མང་དུ་གཏོང་བ། ལམ་ལུགས་ཀྱི་རྟ་སྒ་ཆ་འགྲིག་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ནན་པོ་དང་ཁྲིམས་སྐྱོང་ནན་པོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།

མཐའ་སྟོབས་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་རྒྱུན་མཐུད་དེ་འཛུགས་གཏོད་བྱེད་དགོས་ཤིང་། མཐའ་མཚམས་ས་ཁུལ་དར་རྒྱས་བྱུང་ན་མཐའ་མཚམས་བརྟན་ལྷིང་ཡོང་བ་དང་། མཐའ་མཚམས་མང་ཚོགས་ཕྱུག་པོ་ཆགས་ན་མཐའ་སྲུང་སྲ་བརྟན་ཡོང་ཐུབ། ཕྱོགས་གཅིག་ནས་མཐའ་སྟོབས་མཐའ་བརྟན་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་མཐའ་དར་དམངས་ཕྱུག་དམ་འཛིན་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་བར་སྟོང་དང་མཐའ་མཚམས་བརྟན་ལྷིང་གི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཐའ་སྟོབས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་ཡུལ་སྐོར་དང་མཐའ་མཚམས་ཚོང་དོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་མཚམས་ས་ཁུལ་གསར་སྤེལ་དང་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པར་ལྕག་སྐུལ་དང་ཁྲིད་སྟོན་བཅས་བྱེད་དགོས། མཐའ་མཚམས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་། “མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།

བཞི། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ལས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱུང་རྗེས་ལས་བྱེད་པ་ནི་རག་ལས་ས་གཙོ་བོ་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་དང་ཁ་འབྲལ་ཐབས་མེད། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་མཐའ་འཁྱོངས་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་བརྟན་པོར་འཛུགས་པ། སྤྱོད་ཡོན་གཉིས་ལྡན་གྱི་བོད་སྐྱོང་དང་། བོད་བརྟན། བོད་དར་གྱི་རྐང་འཛིན་དཔུང་ཁག་སྟོབས་ཆེན་གསོ་སྐྱོང་དང་། འདེམས་སྒྲུག སྐྱེད་སྲིང་བཅས་བྱེད་པ། ཆེད་ལས་སྦྱོང་བརྡར་དང་ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྟངས་འཛིན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལས་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

ཆབ་སྲིད་ཀྱི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཤིང་། ཏང་ཡོན་ལས་བྱེད་པར་མཁོ་བའི་འཇོན་ཐང་སྣ་ཚོགས་ལས་ཆབ་སྲིད་ཀྱི་འཇོན་ཐང་ནི་ཨང་དང་པོ་རེད། ལས་བྱེད་པར་ཆབ་སྲིད་ཀྱི་ཞུན་བརྡར་དང་ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཡིན་མིན་དབྱེ་འབྱེད་དང་། རྙོག་འཛིང་ཆེ་བའི་རྣམ་པར་སྟངས་འཛིན། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་བཅས་བྱས་ནས་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བ་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་རིགས་ལ་བོད་ཀྱིས་བྱ་སྤྱོད་སྤེལ་ནས་ཕན་འབྲས་ཐོན་པར་བཅས་བྱེད་དགོས།

སློབ་སྦྱོང་གི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཤིང་། སློབ་སྦྱོང་ནི་མིའི་རིགས་ཀྱིས་ཤེས་བྱ་བསྡུ་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། འཇོན་ཐང་ཆེ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་གྱི་བརྗོད་དོན་གཙོ་བོར་བརྩིས་ཏེ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་མ་རྩོམ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེའི་ནང་གི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་དང་། ཤེས་པ། ཡིད་ཆེས། བེད་སྤྱོད་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་སྟེ། ལས་ཀའི་ཁྲོད་སློབ་སྦྱོང་དང་སློབ་སྦྱོང་ཁྲོད་ལས་ཀ་མཐའ་འཁྱོངས་བྱེད་པ་དང་། ལག་ལེན་གྱི་ཁྲོད་དུ་ཤེས་བྱ་གསར་པ་སློབ་སྦྱོང་དང་འཇོན་ཐང་གསར་པ་ཧུར་ཐག་སྦྱོང་བ། ཆེད་ལས་ཅན་གྱི་བྱང་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་རྣམས་དམར་ཞིང་མཁས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་པར་འགྱུར་བར་བྱེད་དགོས།

ཁྲིམས་ལྟར་ལས་སྒྲུབ་ཀྱི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་པའི་འཇོན་ཐང་ཇི་འདྲ་ཡོད་མེད་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་གི་བསམ་གཞིགས་སྔར་བས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་འགན་ནུས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་ལས་དོན་སྤེལ་བ་དང་། གནད་དོན་ཐག་གཅོད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་མཁས་པོ་བྱེད་པ། ཁྲིམས་སྐྱོང་རྨང་གཞིར་བྱས་ནས་ཐབས་ཇུས་འགོད་པ་དང་བྱ་བ་སྒྲུབ་མཁས་པོ་བཅས་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ་དང་། ལག་བསྟར་བློ་ཐག་ནུས་ལྡན་ཆོད་པ། ལས་སྒྲུབ་ཁྲིམས་མཐུན་ནུས་ཆེ་བཅས་ཡོང་བར་བྱེད་དགོས།

དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཤིང་། སྒྱུར་བཅོས་བྱེད་པར་ཇུས་འགོད་ལ་སྣང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་ཀྱང་སྣང་ཆེན་བྱེད་དགོས། ཐབས་ཇུས་ཡག་པོ་གང་འདྲ་ཞིག་ཡིན་རུང་གལ་སྲིད་ལག་བསྟར་ཡག་པོ་བྱེད་མ་ཐུབ་པ་དང་དོན་འཁྱོལ་ལ་དམ་འཛིན་གནད་འཁེལ་བྱེད་མ་ཐུབ་ཚེ། ཕན་འབྲས་ཐོབ་མི་ཐུབ་ལ་དམིགས་ཚད་ཀྱང་འགྲུབ་མི་ཐུབ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་ནས་བློ་སེམས་གཅིག་སྒྲིལ་དང་ངར་ཤུགས་ཡོད་རྒུས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། དམ་པ་དོན་གཉེར་དང་དམ་འཛིན་དངོས་སྒྲུབ་མཐའ་འཁྱོངས་དང་། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ། སྙིང་རུས་བརྟན་འཁྱོངས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།

བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博