http://zw.xzqnb.cn/Content/weixinlogo.png
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་རྩོམ་པ་པོས་དམའ་འབྲིང་དགེ་རྒན་
http://zw.xzqnb.cn/m/content/2024-10/25/000908.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དམའ་འབྲིང་དགེ་རྒན་གི་ཀུན་སྤྱོད་སློབ་གསོའི་ནུས་པ་ཐོར་འདེགས་བྱ་ཐབས་སྐོར་ཅུང་ཙམ་གླེང་བ།

等待处理…

༄༅། །དམའ་འབྲིང་དགེ་རྒན་གི་ཀུན་སྤྱོད་སློབ་གསོའི་ནུས་པ་ཐོར་འདེགས་བྱ་ཐབས་སྐོར་ཅུང་ཙམ་གླེང་བ།

作者 བསྟན་ཆོས་ལེགས་བཤད།
2024年10月25日

ནང་དོན་གནད་བསྡུས། རྩོམ་ཡིག་འདིར་རྩོམ་པ་པོས་དམའ་འབྲིང་དགེ་རྒན་ཚོས་བསམ་བློ་ཀུན་སྤྱོད་སློབ་གསོའི་ནང་དགེ་རྒན་གྱི་མིག་དཔེའི་ནུས་པ་ཐོན་པར་ཤུགས་སྣོན་དང་། སློབ་གསོའི་ལྟ་བ་གསར་པ་དང་ལེན་བྱེད་པ་བཅས་ཀྱི་དམའ་འབྲིང་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོའི་ནུས་པ་ཐོར་འདེགས་ཡོང་བའི་སྐོར་གླེང་ཡོད།

བརྡ་ཆད་གཙོ་བོ། དམའ་འབྲིང་དགེ་རྒན། ཀུན་སྤྱོད་སློབ་གསོ། ནུས་པ་མཐོར་འདེགས། བྱ་ཐབས།

སློབ་ཚན་སློབ་ཁྲིད་བྱེད་པའི་ནང་སློབ་མའི་ཤེས་ཡོན་ཟབ་ཏུ་གཏོང་བ་དང་དུས་མཚུངས་སློབ་མའི་དགའ་སྐྱོ་འཁོན་ཞེན་གྱི་བསམ་པའི་ཁྱེར་སོ་ཡང་དག་གསོ་སྐྱོང་བྱས་ནས་ལྷད་མེད་སྐྱོན་བྲལ་གྱི་སེམས་ཁམས་འཕེལ་བ་དང་ཡ་རབས་ཚུལ་ལྡན་གྱི་སྤྱོད་བཟང་འཇགས་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ། ཡིན་ནའང་། རིག་ཚན་གཞན་དང་བསྡུར་ན་དེང་སྐབས་དམའ་འབྲིང་དགེ་རྒན་ཕལ་ཆེ་བས་ཤེས་རིག་གི་སློབ་གསོ་ཁོ་ནར་མཐོང་ཆེན་བྱེད་པ་ལས་ཀུན་སྤྱོད་ཀྱི་སློབ་གསོ་ལ་སྣང་ཆུང་བྱེད་པའི་སྲོལ་ངན་དར་ཁྱབ་ཆེ་བ་དང་། ཤེས་རིག་སློབ་གསོའི་ཁྲོད་དཔེ་དེབ་ཐོག་གི་ཤེས་བྱ་ཁོ་ན་སློབ་ཁྲིད་བྱེད་པ་ལས་མི་ཚུལ་ལྡན་ཞིག་ཆགས་པར་སློབ་གསོ་གཏོང་བར་ལྷོད་གཡེང་ཤོར་བའི་སྣང་ཚུལ་ངན་པ་མཐོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང་༢༠༢༣ལོའི་རྒྱལ་ཡོངས་སྔོན་ཐོན་དགེ་རྒན་ལ་གཟེངས་རྟགས་གནང་བའི་མཛད་སྒོར་སྤྲིངས་པའི་འཕྲིན་ཡིག་གི་ནང་དུའང་། “རྒྱལ་ཡོངས་ཀྱི་དགེ་རྒན་ཚོས་ཏང་གི་སློབ་གསོའི་སྲིད་ཇུས་ལག་ལྟར་ནན་པོ་བྱས་ནས། མི་གཤིས་ལྡན་པ། སྤྱོད་ཚུལ་བཟང་བ། ཀུན་སྤྱོད། གཟུགས་པོ། མཛེས་རིས། ངལ་རྩོལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་དམིགས་ཚད་དུ་འཛིན་དགོས་པ་དང་། དེའི་ནང་ནས་ཀྱང་སློབ་མའི་མི་གཤིས་ཀུན་སྤྱོད་སློབ་གསོ་ནི་གཙོ་བོར་འཛིན་དགོས་པ”①ནན་བཤད་གནང་ཡོད།

དམའ་འབྲིང་དགེ་རྒན་ཚོས་སློབ་མར་ཤེས་རིག་གི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་ལེགས་པོ་བྱས་ནས་སློབ་མས་དགོས་ངེས་ཀྱི་ཤེས་བྱ་ཁོངས་སུ་ཆུད་པ་དང་ཡིག་རྒྱུགས་ལ་ལན་འཕྲོད་པ་གང་ཞིག ཕྱིས་སུ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་གྱི་མི་སྣ་གསོ་སྐྱོང་བྱེད་ཐུབ་པ་དགོས། སློབ་གསོ་སེམས་ཁམས་རིག་པ་ལས། “ལོ11ནས་ལོ18བར་ནི་ན་གཞོན་གྱི་དུས་ཡིན་ཞིང་། གཟུགས་པོ་སོགས་འཚར་སྐྱེད་བྱུང་བ་དང་བསྟུན་ནས་སེམས་མི་བརྟན་ཞིང་། གང་སར་ལད་མོ་བྱ་རྒྱུར་དགའ”ཞེས་གསུངས་པ་ལྟར་སློབ་འབྲིང་གི་སློབ་མར་རང་སྟོབས་ཀྱིས་བརྡར་ཤ་གཅོད་པ་དང་། ཡིན་མིན་དབྱེ་འབྱེད་བྱེད་པའི་ནུས་པ་ཞན་པས་ཉ་ཉུང་མཉམ་བསྲེས་ཀྱིས་རང་ཐོག་ཏུ་ལེན་པའང་སྲིད། དེ་ན། དམའ་འབྲིང་དགེ་རྒན་ཚོས་བསམ་བློ་ཀུན་སྤྱོད་སློབ་གསོའི་ནང་དགེ་རྒན་གྱི་མིག་དཔེའི་ནུས་པ་ཐོན་པར་ཤུགས་སྣོན་དང་། སློབ་གསོའི་ལྟ་བ་གསར་པ་དང་ལེན་བྱེད་ནུས་པ་བཅས་བྱས་ན་གཞི་ནས་དམའ་འབྲིང་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོའི་ནུས་པ་མཐོར་འདེགས་ཡོང་བར་བསམ། འདིར་རང་གི་མྱོང་བ་ཙམ་ཞིབ་པར་གླེང་བ་གཤམ་གསལ།

གཅིག དམའ་འབྲིང་དགེ་རྒན་ཚོས་བསམ་བློ་ཀུན་སྤྱོད་སློབ་གསོའི་ནང་དགེ་རྒན་གྱི་མིག་དཔེའི་ནུས་པར་ཤུགས་སྣོན།

དགེ་རྒན་གྱི་སྨྲ་བཤད་ལ་སྔོན་བྱོན་མཁས་པ་ཚོས། “སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང་། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་”ཞེས་ཐོགས་པར་གསུངས། དེ་ལས་དགེ་རྒན་ཚད་ལྡན་ཞིག་ཡིན་ཚེ་ལུས་ངག་ཡིད་གསུམ་དང་ཤེས་ཚད་གང་གི་ཐད་ནས་ཀྱང་གཞན་གྱི་མིག་དཔེ་དང་ཆ་འཇོག་བྱེད་ཡུལ་ཡིན་པ་དང་། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས“བ་ལང་མི་ཁྱུ་ཞེས་པ་ནི། འོ་སྐོལ་དང་པོ་ཙ་ན་ཅི་ཡང་མི་ཤེས་པ་བ་ལང་དང་འདྲ་བ་དེ། ད་ལྟ་བྱེད་སྙིང་འདོད་ཙམ་ན་ཅི་ཡང་ཤེས་ཤིང་། རིག་པ་དང་ལྡན་པ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་ཏེ་བ་ལང་མི་ཁྱུར་བཅུག་པའི་ཚོད་ཡིན། སྔར་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་དགེ་རྒན་གྱི་བཀའ་དྲིན་ཡིན”②ཅེས་གསུངས་པ་བཞིན་དགེ་རྒན་གྱི་མཛད་འཕྲིན་ལ་གདེང་འཇོག་མཐོན་པོ་གནང་ཡོད། 《དགེ་རྒན་གྱི་སྲོལ་ཡིག》ནང་དུའང“རང་དཔེ་གཞན་སྟོན”③ཟེར་བ་བཞིན་གལ་ཏེ་དགེ་རྒན་ཆེ་གེ་མོ་ཞིག་གི་ཀུན་སྤྱོད་འདུལ་བ་ཞིག་མ་བྱུང་ན་སློབ་མའི་ཀུན་སྤྱོད་ལེགས་ཕྱོགས་སུ་འགུག་ཐུབ་རྒྱུ་ལྟ་ཅི། ཐ་ན་དགེ་རྒན་རང་གི་སྐྱོན་ཆ་སློབ་མར་འགོས་ཏེ་སློབ་ཕྲུག་ཚོར་ངན་པའི་ཤན་ཞུགས་པའི་རྐྱེན་དུ་འགྲོ་བར་ངེས་པས་དགེ་རྒན་གྱི་སྤྱོད་ལམ་ཅི་ནས་ཀྱང་དུལ་བ་ཞིག་དགོས།

བསམ་བློ་ཀུན་སྤྱོད་ལེགས་པོ་ཞིག་ལྡན་རྒྱུ་ནི་དགེ་རྒན་ལ་ཚང་དགོས་པའི་ཆེས་མ་མཐར་གྱུར་བའི་ཆ་རྐྱེན་ཞིག་ཡིན། འོ་ན་ཇི་ལྟར་བྱས་ནས་དགེ་སློབ་གཉིས་ཀའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་གོང་མཐོར་གཏོང་དགོས་ཤེ་ན། འདིའི་ཐད་བདག་གིས་སློབ་ཁྲིད་ཀྱི་ཉམས་མྱོང་ཕྲན་བུ་ལ་གཞིགས་ནས་བརྗོད་ན། དགེ་རྒན་གྱིས་རང་ཉིད་ནི་སློབ་མར་གང་ཅིའི་ཐད་འཁྲིད་སྟོན་བྱེད་པའི་དཔེ་གསོན་པོ་ཞིག་ཡིན་པར་ངོས་འཛིན་བྱས་ནས། རྒྱུན་གཏན་སློབ་གསོ་སློབ་ཁྲིད་བྱེད་སྐབས་ཀྱི་སྐད་ཆའི་ཚིག་རེ་རེའི་ནང་དང་། ལུས་ཀྱི་འགུལ་སྐྱོད་རེ་རེའི་ནང་། དེ་བཞིན་ངོ་གདོང་གི་རྣམ་འགྱུར་རེ་རེའི་ནང་དུ། དགེ་རྒན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས་ཏེ། རྒྱུན་གཏན་གྱི་སློབ་གྲྭའི་འཚོ་བའི་ནང་དགེ་རྒན་གྱི་བསམ་བློ་གཏོང་སྟངས་དང་སྐད་ཆ་ཤོད་སྟངས། བྱ་བ་བྱེད་སྟངས་སོགས་འཚོ་བའི་ཐོག་གི་དོན་དག་ཆུང་ངུ་ཞིག་ལའང་གཙིགས་ཆེན་དང་ལེགས་ཉེས་བླང་དོར་ཡོད་པའི་ངང་ནས་བསྒྲུབས་ཏེ། རང་ཉིད་ཀྱིས་བསྒྲུབས་པའི་བྱ་དངོས་དེའི་དོན་སྙིང་དང་། སྒྲུབ་ཐབས་སོགས་ལས་སློབ་མར་ལེགས་པའི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཐུབ་པ་བྱས་ཏེ། ཁོ་ཚོའི་ཀུན་སྤྱོད་ཀྱི་བྱང་ཚད་མཐོར་འདེགས་གཏོང་དགོས་པ་མ་ཟད་སློབ་མ་རྣམས་ལ་སྣེ་ཁྲིད་ཀྱིས་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་། འཇིག་རྟེན་གྱི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཐུན་མོང་ལ་དགའ་ཞེན། ཁྲིམས་བཀུར་ལུགས་སྲུང་། མི་དམངས་ལ་ཞབས་འདེབས་ཞུ་བའི་བསམ་པ་འཛུགས་དགོས་པ་བཅས་ཀྱི་སློབ་གསོ་གཏོང་དགོས་པ་ཡིན།

གཉིས། དམའ་འབྲིང་དགེ་རྒན་ཚོས་བསླབ་གཞིའི་ནང་ནས་སློབ་གསོའི་ནུས་པ་ལྡན་པའི་རྩོམ་ཡིག་དག་གི་ནུས་པ་ཐོན་པར་ཤུགས་སྣོན།

གུས་པས་སློབ་གསོ་སློབ་ཁྲིད་ལ་ཉམས་ཞིབ་བྱེད་སྐབས། དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མའི་སྦྱངས་འབྲས་ཀྱི་སྐར་མ་མཐོན་པོ་ཡིན་ཚེ་གཞན་དག་ཚང་མ་ལེགས་པར་ངོས་འཛིན་བྱེད་པ་དང་། མི་ལེགས་པའི་ཆ་ལྡན་ནའང་སྣང་མེད་བྱས་པར་བརྟེན། “ཤེས་ཚད་མཐོ་ཞིང་ལེགས་ཉེས་མི་ཤེས་པའི”“བླུན་པོ”མང་དག་ཞིག་གསོ་སྐྱོང་བྱེད་ཀྱིན་ཡོད་པ་དང་། ཀུན་སྤྱོད་སློབ་གསོའི་བྱེད་ཐབས་རྙིང་ཞིང་རྗེས་ལུས་ཡིན་པ་མ་ཟད། སྟབས་བདེ་དང་བཙན་ཤེད་ཡིན་ལ། རིགས་པའི་གཞུང་ལུགས་དང་དོན་དངོས་ཁ་བྲལ་གྱིན་ཡོད། ད་དུང་ཀུན་སྤྱོད་སློབ་གསོའི་སྐབས་སུ“འབོད་ཚིག་གི་རྣམ་པ”དང“ཡིག་ཆའི་རྣམ་པའི”ཐོག་ལུས་ཡོད་པས་ན། སློབ་མས་གོ་བ་ལེན་དཀའ་ཞིང་དང་ལེན་བྱེད་བདེ་པོ་མེད་ལ་ཐ་ན་ལོག་ལམ་དུ་འགྲོ་བའི་སྣང་ཚུལ་ཡང་ཐོན་གྱི་ཡོད། འདིར་གུས་པས་མཚོན་བྱེད་ཙམ་དུ་དམའ་འབྲིང་བསླབ་གཞིའི་ནང་དོན་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་བྱ་ཐབས་སྐོར་ལ། 《ས་སྐྱ་ལེགས་བཤད》ལས“གཡོ་ཅན་བཟང་པོའི་ཚུལ་བཟུང་ན། །ཕྱི་ནས་དོན་ལ་བསླུ་བ་ཡོད། །རི་དྭགས་རྔ་མ་བསྟན་ནས་ནི། །ཁྲེལ་འདས་བོང་བུའི་ཤ་དག་འཚོང་། །”④ཅེས་པར་དོན་ལྡན་གྱི་ལས་ཤིག་བརྩམས་པར་ཐོག་མར་ལས་དེ་སྒྲུབ་པར་བསམ་པ་རྣམ་པར་དག་པ་ཞིག་དགོས་ལ་མི་དང་མིའི་དབར་གྱི་འབྲེལ་བ་ལའང་གཡོ་སྒྱུ་མ་བཅངས་པར་ལྷག་བསམ་རྣམ་བདག་གིས་འཇུག་པ་ན་གཞན་གྱིས་ཀྱང་རང་ཉིད་མི་བཟང་ཞིག་ཏུ་ངོས་བཟུང་རྒྱུ་ནི་གདོན་མི་ཟ་བས་མི་ཞིག་ལ་མཚོན་ན་ལྷག་བསམ་རྣམ་དག་གི་བསམ་པ་དགོས་རྒྱུ་ནི་གལ་ཆེ་བར་སྣང་། དེང་སྐབས་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་དང་ཟུང་འབྲེལ་བྱས་ནས། སློབ་མ་རྣམས་མི་གཤིས་བཟང་པོ་ཞིག་ཆགས་པར་སྣེ་ཁྲིད་བྱས་ནས་གཞུང་ལུགས་དང་ལག་ལེན་གཉིས་ཀ་ནས་སློབ་གསོའི་ནུས་པ་ཐོན་པར་ཤུགས་སྣོན་རྒྱབ་དགོས། མདོར་ན་ལེགས་བཤད། བསླབ་བྱ། སྒྲུང་གཏམ། གཏམ་རྒྱུད། རྣམ་ཐར་སོགས་ལ་བསླབ་བྱའི་ནང་དོན་ཕུན་སུམ་ཚོགས་ལ། རྩོམ་ཡིག་དེ་དག་ལས་དངོས་ཤུགས་ཐད་ཀར་བརྗོད་མིན་གང་ཡིན་ཡང་ཚིག་འབྲུའི་གསེབ་ནས་བསམ་པ་བཟང་པོར་ཕྱོགས་རྒྱུ་གལ་ཆེ་ཡིན་ལུགས་ཀྱི་ནང་དོན་ཆེས་ཕུན་སུམ་ཚོགས་པོ་ཡོད་པས་དེ་དག་འབད་པ་ལྷུར་ལེན་བྱེད་དགོས་པ་ཡིན།

གསུམ། དམའ་འབྲིང་དགེ་རྒན་ཚོས་སློབ་གསོའི་ལྟ་བ་གསར་པ་དང་ལེན་བྱེད་ནུས་པ།

ཤེས་དཔལ་གཉིས་ལྡན་གྱི་དུས་རབས་ལ་སླེབས་པ་དང་སྦྲགས་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ། ཆ་འཕྲིན་གསར་པ་སྣ་ཚོགས་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟར་བར་མཚམས་མེད་པར་ཐོན་གྱི་ཡོད་པས་སྲོལ་རྒྱུན་གྱི་ལྟ་ཚུལ་ལ་འགྱུར་བ་བཏང་ནས་ང་ཚོའི་འདུ་ཤེས་འཛིན་སྟངས་ལའང་འགྱུར་ལྡོག་གཏོང་དགོས་ཀྱི་ཡོད།

དམའ་འབྲིང་དགེ་རྒན་ཚོས་སྤྲོ་སེམས་འཁོལ་པོས་བྱ་དངོས་གསར་པ་དང་ཆ་འཕྲིན་གསར་པ་གང་མང་བསྡུ་ལེན་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་དང་སློབ་མར་གདེང་འཇོག་གི་ཐབས་ལམ་སོགས་འཐུས་སྒོ་ཇེ་ཚང་དུ་གཏང་རྒྱུར་ཤུགས་སྣོན་རྒྱབ་ནས། སློབ་མ“ཁ་ལ་ཉན་པོ”དང་ཡིག་ཚད“ཨང་ཀི་མཐོན་པོར་ལོན་མཁན”སློབ་མ་བཟང་པོར་ངོས་མི་འཛིན་པར། རྒྱལ་ཁ་ལ་དགའ་ཞེན་ཡོད་པ། འཚོ་བ་བསྐྱལ་ཤེས་པ། གསར་གཏོད་ཡོད་པ། བསམ་བློ་ཡོད་པ། བློ་སྤོབས་ཡོད་པ་བཅས་ཀྱི་སློབ་མ་གསོ་སྐྱོང་བྱ་རྒྱུར་འབད་ནས་སློབ་མ་རང་ཉིད་ཀྱིས་བསམ་བློ་གཏོང་ཤེས་པ་དང་ལག་པ་འགུལ་ཤེས་པར་གསོ་སྐྱོང་བྱས་ནས་སློབ་མ་སོ་སོའི་རིན་ཐང་མངོན་པ་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། དམའ་འབྲིང་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ཕྱི་རོལ་དུ་འཛིན་གྲྭའི་འཛིན་བདག་གི་བསམ་འཆར་དང་ཁྱིམ་བདག་གི་གནས་ཚུལ་སོགས་ལ་རྒྱུས་མངའ་གང་ཙམ་ལོན་ནས་སློབ་ཁྲིད་ཕུད་པའི་སྐབས་འཕྲལ་ཀུན་སྤྱོད་སློབ་གསོའི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་ཁག་དུས་ཐོག་ཐག་གཅོད་དང་། སློབ་མའི་སློབ་ཕྱིའི་སྤྱོད་ལམ་སོགས་གང་ཅིར་ཐུགས་ཁུར་ཟབ་བཞེས་དགོས་ཁར་ལྷག་པར་དུ་རང་ཉིད་ནི་རིག་ཚན་དགེ་རྒན་ཞིག་ཡིན་བསམ་ནས་མ་བསྡད་པར་འཛིན་བདག་དང་ཁྱིམ་བདག་བར་འབྲེལ་བ་མང་ཙམ་བྱས་ནས། སློབ་མའི་སྦྱངས་འབྲས་ཕུད་པའི་གནས་ཚུལ་གཞན་ཕན་ཚུན་གླེང་རེས་སློབ་གསོ་སློབ་ཁྲིད་བྱེད་ཆོག་ཐད་ལ་བསམ་འཆར་དང་ད་དུང་རེ་བ་འདྲ་གང་ཡོད་མེད་ཁེངས་སྐྱུང་གིས་དང་ལེན་བྱས་ནས་ཕྱོགས་ཡོངས་ནས་སློབ་མ་ཡར་ཐོན་ཡོང་བར་རང་ཉིད་ཀྱི་ནུས་པ་གང་འཚམ་ཐོན་པ་བྱེད་དགོས།

སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་རང་ཉིད་ནས་འགོ་བཙུགས་ཏེ་དགེ་རྒན་གྱི་བྱ་བ་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས། རྒྱུན་གཏན་གྱི་འཚོ་བའི་གོམས་འདྲིས། སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་བཅས་ཚང་མ་མི་ཀུན་གྱིས་ཁས་ལེན་བྱེད་པར་འབད་ནས་སློབ་མའི་ཁྲོད་མིག་དཔེ་བཟང་པོ་གང་ལེགས་འདོན་དགོས་སོ། །

མཆན་དང་དཔྱད་གཞིའི་ཡིག་རིགས།

①新华社--习近平致信全国优秀教师代表的信 2023.9.9

②བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྲིགས། བོད་རང་སྐྱོང་ལྗོངས་འགན་བབས་སློབ་གསོའི་ཚོད་ལྟའི་སློབ་དེབ། སྐད་ཡིག ལོ་རིམ་བདུན་པའི་སྟོད་ཆ། 〔M〕བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོ། ཤ13-14

③《新时代中小学教师职业行为十项准则》 2018.11.8 第七条

④བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྲིགས། བོད་རང་སྐྱོང་ལྗོངས་འགན་བབས་སློབ་གསོའི་ཚོད་ལྟའི་སློབ་དེབ། སྐད་ཡིག ལོ་རིམ་བརྒྱད་པའི་སྟོད་ཆ།〔M〕བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོ། ཤ40

ལྷ་ས་གྲོང་ཁྱེར་སྣེའུ་དམའ་རིམ་སློབ་འབྲིང་གི་དགེ་རྒན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博