བདག་གི་མཛེས་པའི་ཕ་ཡུལ་ནི་སྟོད་ལུང་སྣ་མཁར་དུ་གནས་ཤིང་། མཐའ་བཞི་བརྗིད་ཆགས་རི་བོས་བསྐོར་ནས་ཡོད། ལྷག་པར་དུ་ལྷོ་བྱང་གི་དབུས་ནས་དྭངས་ཤིང་གཙང་བའི་གཙང་པོ་ཞིག་ཤང་ཤང་དུ་རྒྱུག་བཞིན་ཡོད། བྱང་ཕྱོགས་ཀྱི་རི་རྐེད་ནས་མར་བལྟས་ཚེ། གཙང་པོའི་གཡས་གཡོན་དུ་ནེའུ་གསིང་གཡུ་ལྟར་སྔོ་བས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད།
དཔྱིད་ཀ་ཤར་བ་ན་རི་བོའི་སྟེང་གི་འཁྱགས་རོམ་བཞུར་བས། ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་ལྕང་མའི་མྱུ་གུ་འབུས་ཤིང་། རྩྭ་ཐང་ཐོག་ཏུ་ཡང་མེ་ཏོག་སྣ་ཚོགས་བཞད་དེ། དྲི་ཞིམ་ཕྱོགས་གང་སར་ཁྱབ་ནས་ཡོད།
དབྱར་ཁ་ཤར་རྗེས་སྲན་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་སྙེ་མ་ཡང་ཁ་འབུས། ལྕང་མའི་ལོ་མ་ཡང་རབ་ཏུ་རྒྱས་པས་ཧ་ཅང་མཛེས་པོ་ཡོད། སྟོན་ཁ་ཤར་ལ་ཉེ་བ་ན་མི་རྣམས་ཀྱིས་འོང་བསྐོར་དུས་ཆེན་གྱི་སྟ་གོན་བྱེད་པ་མ་ཟད། འོང་སྐོར་གཏོང་སྐབས་གོས་གསར་པ་གྱོན་པ་དང་། གཞས་དང་ཞབས་བྲོ་འཁྲབ་ནས། ལོ་ལེགས་ཡོང་བའི་རྟེན་འབྲེལ་ཞུ་ཡི་ཡོད།
དགུན་ཁ་ཤར་བ་ན་ཆུ་བོ་ཤང་ཤང་དུ་རྒྱུག་པའི་སྐད་སྒྲ་ཐོས་རྒྱུ་མེད་པར་འཁྱགས་རོམ་དུ་གྱུར་ཞིང་ས་གཞི་ཡང་སེར་པོར་གྱུར། འབུ་གྲོག་མ་དང་སྲོག་ཆགས་འཕྱི་བ་སོགས་དགུན་ཉལ་རྒྱབ་ཏེ་མཐོང་རྒྱུ་མེད། ཁ་བ་ལྷབ་ལྷུབ་ཏུ་བབས་པས་ཕྲུ་གུ་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས། གངས་མི་བཟོ་བ་དང་གངས་རྩེད་རྩེ་བཞིན་མཆིས།
ང་རང་ཕ་ཡུལ་ལ་དགའ་ཞིང་། དེ་བས་ཀྱང་ཕ་ཡུལ་གྱི་དུས་བཞི་ལ་དགའ་པོ་ཡོད་དོ། །