http://zw.xzqnb.cn/Content/weixinlogo.png
དོ་ནུབ་ས་འདི་གར་ཁ་ཁུ་སིམ། འོན་ཀྱང་ངའི་དྲན་པའི་མེ་ལོང་ཁྲོད་ཟང་
http://zw.xzqnb.cn/m/content/2023-12/08/000394.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །རྨི་ལམ་ནང་གི་འཚོ་བ།

སློབ་གྲྭའི་མཐའ་འཁོར་དུ“ཐ་མག་མེད་པའི”ཁོར་ཡུག་གཏོད་རོགས་བྱས་པ།

ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

等待处理…

༄༅། །རྨི་ལམ་ནང་གི་འཚོ་བ།

作者 བཀྲ་བཟང་།
2023年12月08日

དོ་ནུབ་ས་འདི་གར་ཁ་ཁུ་སིམ། འོན་ཀྱང་ངའི་དྲན་པའི་མེ་ལོང་ཁྲོད་ཟང་ཟིང་སྐད་ཅོར་གྱིས་འཛིངས། ཁྲ་ཆིལ་ཆིལ་གྱི་སྒེའུ་ཁུང་ཆེན་པོ་དམ་པོར་བརྒྱབ་ཡོད་པ་ནི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་ཡོངས་སུ་བར་ཆོད་པའི་མཚོན་རྟགས་ཡིན། ནམ་རྒྱུན་ང་ཚོའི་འཛིན་གྲྭའི་རྒྱབ་སྒོའི་སྒེའུ་ཁུང་ཐོག་སྦྱར་རྩི་སྦྱར་ནས་ཕྱི་ཡི་མིས་ང་ཚོའི་ནང་གི་འཚོ་བ་མཐོང་མི་ཐུབ་པ་བྱེད་ཀྱི་ཡོད་པ་དང་འདྲ། འོན་ཀྱང་ངའི་ངོས་ནས་བཤད་ན་གནོན་ཤུགས་ཆེ་བའི་ར་བ་འདི་ལ་ཕྱི་ཡི་འཇིག་རྟེན་ལ་ལྟ་བའི་མིག་གཅིག་ཡོད་ན་སྙམ་ནས་ངས་རྒྱབ་སྒོའི་སྒེའུ་ཁུང་གི་སྦྱར་རྩི་དེ་བཀོག་པས་ད་གཟོད་ངའི་ཡིད་སེམས་བསིལ་དགའ་ལྷང་ལྷང་དུ་གྱུར།

སློབ་ཚན་ཚོགས་སྐབས་གནམ་འཐིབ་སྟེ་གཡུ་འབྲུག་སྔོན་མོའི་ལྡིར་སྒྲ་གྲགས་ཤིང་གློག་དམར་ལམ་ལམ་དུ་འཁྱུག འཛིན་གྲྭའི་གློག་སྒྲོན་ནི་དུས་ངེས་མེད་དུ་ཆད་ཀྱིན་འབར་གྱིན་རེད། ང་ནི་སྐྲག་ནས་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་ཕར་འཛུལ་ཚུར་མཆོངས་བྱས་རུང་ངའི་འགྲམ་གྱི་གྲོགས་མོ་ནི་བརྟན་ཞིང་བརླིང་པོའི་ངང་སློབ་ཁྲིད་ཉན་བཞིན་འདུག ང་ནི་རྒན་ལགས་ཀྱིས་ཅི་བཤད་པ་མི་ཤེས་ལ་གཅིག་ཀྱང་མི་གོ་གཅིག་ཀྱང་མི་མཐོང་། ངས་ཡང་སྙིང་གང་ཉན་གྱི་ཡོད་དམ། ང་ནི་ཁོ་ཚོའི་མི་འཇིག་སྤོབས་པ་ལ་ཡིད་སྨོན་ཞིག་སྐྱེས་པ་དང་ཆབས་ཅིག་ངའི་ཡིད་ལ་འཇིགས་སྣང་ཆེན་པོ་ཞིག་ཀྱང་སྤྲད། ཐ་ན་སློབ་ཁྲིད་གནང་མཁན་གྱི་རྒན་ལགས་ཁོང་ཡང་ཟང་ངེ་ཟིང་ངེ་ཡི་ཁོར་ཡུག་ཁྲོད་ད་དུང་སྒམ་བརླིང་ངང་སློབ་ཁྲིད་གནང་བས་ང་ནི་སྔར་བས་དངངས་འཚབ་ལངས་ཤིང་ཞེད་སྣང་དྲག་པོ་སྐྱེས། ངའི་ཡིད་ངོར་ད་ལྟ་ཁོ་ཚོ་དང་ང་ནི་འཇིག་རྟེན་གཅིག་ཏུ་མེད་པའི་སྣང་བ་འཆར། འདི་ཀོ་ཁོ་ཚོས་འཇིགས་སྐྲག་ཆེ་བའི་འཇིག་རྟེན་འདི་མ་རིག་པ་ཨེ་ཡིན། འོ་ན་ཁོ་ཚོའི་མིག་ལ་སྐྱོན་ཡོད། འོ་ན་ཁོ་ཚོ་ནི་ལྷ་རེད། འོ་ན་གདོན་འདྲེ་རེད། མ་རེད། ཕལ་ཆེར་ཁོ་ཚོ་ནི་དབང་པོ་སྐྱོན་ཅན་ཡིན་སྲིད། འབྲུག་སྐད་མི་ཐོས་པ་དང་ཟང་ཟིང་གི་ཁོར་ཡུག་མི་མཐོང་བ་ཡིན་ནམ་སྙམ་སྟེ་ངའི་སྙིང་རྗེའི་ཆུ་སྐྱེས་པད་མ་ལས་མིག་ཆུ་བཏང་། ངས་དལ་པོར་གྲོགས་མོའི་མདུན་དུ་ཕྱིན། མ་གཞི་རྒན××ལགས་ཀྱི་ང་མཐོང་དགོས་ཚོད་ཡིན་རུང་ཁོང་གིས་ང་ལ་ལྟ་ཙམ་ཡང་མི་བྱེད་པར་སྔར་བཞིན་སློབ་ཁྲིད་གནང་གི་འདུག དེ་མུར་ངས་གྲོགས་མོ་ལ“གྲོགས་མོ། གྲོགས་མོ”ཞེས་འབོད་ཀྱང་ཁོ་མོ་ནི་སྔར་བཞིན་དབྱིན་ཡིག་འདྲ་པོ་ཁྱུ་ཅིག་བྲིས་ནས་བསྡད་ཡོད་རུང་རྒན××ལགས་ཀྱི་བསླབ་གཞིའི་ནང་དོན་ནི་རྒྱ་ཡིག་སློབ་དེབ་རེད། དེར་བརྟེན་ཁོ་མོའི་ཟིན་བྲིས་དང་ཡོངས་སུ་ཁ་གཏད་རེད། འདི་འདི་…… གྲོགས་མོ་ནི་སྔར་བཞིན་ང་ལ་ཟུར་སློག་སྟེ་བསྡད་འདུག ཡ་མཚན་གྱི་གནོན་ཤུགས་འོག་ངས་གྲོགས་མོ་ལ་རེག་ཙམ་བྱས་པས་ཁོ་མོའི་ལུས་ནི་མཁྲེགས་ལ་གྲང་མོ་རེད་འདུག ཁོ་མོས་ང་ལ་ཧུ་རེར་ལྟ་ཙམ་བྱས། ཁ་ལ་མི་ཉན་པའི་གློག་སྒྲོན་དེ་ནི་ཡུད་ཙམ་འབར་ལ་ཡུད་ཙམ་ནས་ཤི་བས་ངས་གསལ་ལ་མི་གསལ་བའི་ཁོར་ཡུག་འོག་གྲོགས་མོས་སྐད་ཆ་བཤད་རྒྱུ་སྒུག་ནས་བསྡད། ངང་སྒུག་མ་བཟོད་པར་རྒྱ་ཡིག་དཔེ་དེབ་ལེན་དུ་སོང་ཞོར་ངས་ཁོ་མོར་ལྐོག་ལྟ་ཞིག་བྱེད་དུས་ཁོང་གི་གཟུགས་ཕུང་ནི་སྔར་བཞིན་ཟུར་ཀྱོག་གེ་བསྡད་རུང་ཁོ་མོའི་མགོ་ནི་ཁ་ལ་མི་ཉན་པའི་ལག་རྩེད་སྤོ་ལོ་ལྟར་ཀྲག་ཀྲག་གི་སྐད་སྒྲ་འདོན་གྱིན་སྐོར་བ་གཅིག་ཏག་ཏག་བརྒྱབ། ཁོ་མོའི་མིག་ཟུང་ནི་རྔོན་རྒྱབ་བཞིན་པའི་རྔོན་པ་ལྟར་འདུག་པས་སྣང་ཚུལ་དེ་མཐོང་དུས་ངའི་སྙིང་ཁ་རྡིག་རྡིག་ཏུ་གཡོ་ལ་ལུས་ཡོངས་འཇིགས་སྐྲག་གིས་བཅིངས་ཏེ་དཔེ་དེབ་རང་དབང་མེད་པར་ལག་ནས་ཤོར། འོན་ཀྱང་ངས་ད་དུང་བློ་ཁོག་ཆེ་མདོག་གིས་ས་སྟེང་གི་དཔེ་དེབ་བླངས་ནས་ཁོ་མོར་སྤྲད། སྐབས་དེ་དུས་ཀྱི་ཁོ་མོ་ནི་བགད་མོ་འཚེར་འཚེར་དང་འཛུམ་དམུལ་དམུལ་ངང་སྒྲོག་ཙེའི་སྟེང་ཙོག་བུར་བསྡད་འདུག དེ་འདྲའི་སྐྱི་གཡའ་བའི་འཛུམ་མདངས་ཀྱིས་ངའི་ཁ་ནས་སྐད་ཆ་ཡང་ཐོན་མི་ཐུབ་པར་འགྱུར། ཁོ་མོས་དཔེ་དེབ་ལ་བལྟ་ཙམ་བྱས་ནས་སྒྲོག་ཙེའི་སྟེང་ནས་ས་སྟེང་དུ་གཡུགས། དེ་དང་ཆབས་ཅིག་འཛུམ་དམུལ་དམུལ་གྱི་ངོ་ལྤགས་མཐུག་པོ་དེ་ཡང་གཡུགས། ང་ནི་ཞེད་སྣང་དང་དངངས་སྐྲག་ངང་ཡ་མཚན་གྱི་དྲ་བར་ཚུད་དེ་ཧངས་སངས་ཧ་ལས་ཏེ་དེ་གར་ལུས་དུས་ངས་རྒྱབ་སྒོའི་སྒེའུ་ཁུང་དེ་མཐོང་། ངས་རྐང་སྟབས་མགྱོགས་པོས་རྒྱབ་སྒོའི་ཕྱོགས་སུ་རྒྱུགས་སྐབས་རྒྱབ་སྒོའི་སྒེའུ་ཁུང་ནང་ནས་འོད་ཆེན་པོ་ཞིག་འཕྲོས། གཅིག་མ་རེད་གསུམ་རེད། འོད་ཆེ་ཤོས་ནི་ཉི་འོད་འོག་གི་མེ་ལོང་ལས་ལྡོག་འཕྲོ་བྱེད་པའི་འོད་ལྟར་འདུག དེའི་འོག་གི་འོད་གཉིས་ནི་ཆེ་ཆུང་གཅིག་མཚུངས་འདྲོང་ལ་ཚངས་ཐིག་ལྟར་སྣང་། འོན་ཀྱང་འོད་ཁུངས་དེ་དག་ང་དང་ཇེ་འགྱངས་ནས་ཇེ་འགྱངས་སུ་སོང་རུང་ང་ལ“མར་དོན་ཤོག”ཟེར་བའི་ལག་བརྡ་བྱས། དེའི་ཚེ་ངའི་ཡིད་ལ་རེ་བས་ཕྱུག་སྟེ་ད་ཡིན་ན་ཞེད་སྣང་ཆེ་བའི་ས་ཆ་དེ་ནས་ཁ་བྲལ་ཏེ་ཕྱི་རོལ་གྱི་བག་ཡངས་ཀྱི་སར་འགྲོ་གི་ཡིན་སྙམ་སྟེ་དགའ་ཚོར་ཆེན་པོས་སྒྲོག་ཙེའི་སྟེང་གི་དཔེ་ཁུག་ཁྱེར་ཏེ་སྒོ་ཕྱིར་འགྲོ་རྩིས་བྱེད་དུས་སྒྲོག་ཙེའི་འོག་གི་རྒྱ་ཡིག་དཔེ་དེབ་དེ་མཐོང་། ངས་ཙོག་པུར་བསྡད་ཏེ་གྲོགས་མོའི་སྒྲོག་ཙེའི་འོག་གི་དཔེ་དེབ་དེ་ལེན་རྩིས་བྱེད་དུས་ངའི་སྒལ་པའི་དཀྱིལ་ནས་ཚ་ཀྲང་ཀྲང་གི་ཚོར་བ་དྲོན་མོ་ཞིག་སྦྱིན། དེ་མུར་ངའི་ཚོར་སྣང་དྲུག་པས་ང་ལ་ཉེན་ཁ་ཡོད་པའི་གསལ་བརྡ་བཏང་། ངས་མགོ་དལ་བུར་བཏེགས་ཏེ་ཁོ་མོའི་ངོས་ལ་བལྟ་དུས་ངའི་མིག་གི་ཁམས་སུ་འཆར་བ་ནི“མགོ་སྐྲ་ཡོངས་སུ་འཛིངས་ཤིང་གནམ་ལ་གཟེངས། ཐལ་མདོག་གདོང་ནས་རུལ་པའི་སྐྱི་ལྤགས་འཛར། དཀར་སྤྲིན་ནག་སྤྲིན་དབྱེར་མེད་དམར་མདངས་རྒྱས། མགོ་བོའི་བྱིངས་ནས་ཀླད་རུལ་དྲི་ངད་འཕྱུར།” དེ་ནི་གྲོགས་མོ་རེད། དེ་ལྟར་ཆགས་པའི་རྒྱུ་རྐྱེན་གང་ཡིན། ད་གཟོད་ངའི་སྙིང་ནི་ང་རང་ལས་ཀྱང་དངངས་འཚབ་ཆེ་བ་དང་ཞེད་སྣང་ཆེ་བས་ཧ་རེར་ལངས་ནས་འདི་ལས་ལམ་སེང་ཁ་བྲལ་དགོས་བསམ་དུས་ངའི་མགོ་བོ་སྒྲོག་ཙེའི་ཟུར་དུ་ཤུགས་ཀྱིས་བརྡབས་པ་དང་བསྒྲགས་ང་གཉིད་ལས་བསད།

ད་ལྟ་སློབ་ཁང་ནང་ཀུ་ཅོའི་དགོད་སྒྲས་ཁེངས་ལ་སྐྱ་ཐིང་ངེར་གནས་འདུག སློབ་གྲོགས་ཚང་མའང་བྱམས་བརྩེ་དང་སྤྱང་གྲུང་དོད་པོར་གནས་འདུག དེ་བས་ངའི་མདུན་དུ་ལངས་ཡོད་པ་ནི་ང་ཚོའི་དངོས་ཁམས་རྒན་ལགས་རེད། ཨ་ཙི། ད་བྱེད་དུས་ཁོང་ནི་ང་ལག་བརྡ་གནང་མཁན་གྱི་མེ་ལོང་ལྡོག་འཕྲོ་ཅན་དེ་རེད། ད་ལྟའང་གློག་སྒྲོན་འོག་ཁོང་གི་དབུ་ལས་འོད་ལྡོག་འཕྲོ་བྱས་ནས་ཡུད་ཙམ་མུན་པར་ལུས་པའི་ངའི་མིག་གི་སྐྱེ་མཆེད་ལོང་གྲབས་བྱས། ཁོང་གིས་ང་མུན་པ་ལས་བསྐྱབས་གནང་བ་རེད། གལ་ཏེ་ཁོང་གིས་ང་ལ་མགོ་རྒྱུག་དེ་གཞུས་མེད་ན་ང་ད་དུང་ཞེད་སྣང་དང་དངངས་སྐྲག བདེན་པ་དང་རྫུན་མ། ཡིད་ཆེས་དང་བག་འཁུམ་འོག་བསྐོར་བ་བརྒྱབ་ནས་གནོན་ཤུགས་ཞེས་པའི་གདོན་འདྲེ་དེས་རང་ལུས་ལ་ཡོད་པའི་བློ་སྤོབས་དང་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་མངོན་ཏེ་ང་ནི་རིག་འཛིན་ལྟར་མདོ་མེད་ཀླད་རུལ་གནོན་ཤུགས་ཀྱི་བྲན་གཡོག་ཏུ་འགྱུར་སྲིད།

མི་ཚེ་ནི་རྨི་ལམ་ལྟར་ང་ཚོ་སྒྱུ་མས་འཁྲུལ་བར་བྱེད་སྲིད། འོན་ཀྱང་ང་ཚོས་ཆུ་སྣ་གང་ཁྲིད་མ་བྱས་པར་རང་ཉིད་ལ་ཡིད་ཆེས་བརྟན་པོ་བཅངས་ཏེ་ཡང་དག་པའི་ལམ་ཁར་འགྲོ་བ་ལས་ལྐོག་འགྱུར་ལྟ་བུའི་རྫུན་དང་ཕྲ་མའི་ལམ་དུ་འགྲོ་མི་ཉན། གནོན་ཤུགས་ཀྱིས་ཁེངས་པའི་ད་ལྟའི་འཚོ་བར་ང་ཚོས་སོ་སོར་ཆད་པ་ནི་ཡིད་ཆེས་རེད། འཁྲུལ་སྣང་གིས་ཁེངས་པའི་ད་ལྟའི་འཚོ་བར་ང་ཚོས་སོ་སོར་ཆད་པ་ནི་བདེན་འཚོལ་རེད། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博