ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་འབྲིང་གི་2022ལོའི་འཛིན་གྲྭ་བཞི་པའི་སློབ་མ་ལི་ཆིང་ལན་ནི་གུས་ཞབས་ཆེ་བ་དང་། རྒན་བཀུར་གཞོན་གཅེས། ཕ་མར་བརྩི་བཀུར་ཆེ་བ། རང་ཚུགས་རང་བརྟེན་བཅས་ལྡན་པ་ཞིག་ཡིན་པས་དགེ་རྒན་དང་སློབ་གྲོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།
དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཟ་མཁས་ལས་མཁས་དང་། བབ་ཆགས་པ། ལྷག་བསམ་རྣམ་དག ཁ་དན་ཚིག་གནས་བཅས་བྱེད་ཀྱི་ཡོད། ཉེ་འགྲམ་གྱི་གྲོགས་པོ་དང་སློབ་གྲོགས་ཚོར་སློབ་སྦྱོང་དང་འཚོ་བའི་ཐད་རོགས་རམ་བྱེད་དགོས་ཚེ་དུས་ནམ་ཡང་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད་ལ། སློབ་གྲྭ་དང་ནང་ལ་ལོག་པའི་ལམ་བར་དུ་སེམས་རྩ་འཁོལ་པོས་ལོ་རིམ་དམའ་བའི་སློབ་གྲོགས་དང་མཉམ་དུ་སྐྱོད་ཀྱི་ཡོད། ཁོང་ནི་སློབ་གྲོགས་ཚོའི་སེམས་ནང་གི་སེམས་རྩ་འཁོལ་བའི་སློབ་མ་བཟང་པོ་ཞིག་རེད།
ལི་ཆིང་ལན་གྱི་སློབ་སྦྱོང་གི་སྦྱངས་འབྲས་ཡག་པོ་ཡོད་མོད། འོན་ཀྱང་ཁོང་གིས་ང་རྒྱལ་སྤུ་ཙམ་ཡང་མེད་པར་མཐུན་སྒྲིལ་དང་མཛའ་བརྩེའི་སྙིང་སྟོབས་བློ་ལ་བརྟན་པོར་བཅངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གང་ལེགས་མཚོན་པར་བྱེད་ཀྱི་ཡོད། སློབ་སྦྱོང་ཡག་པོ་བྱེད་པའི་ཞོར་དུ་ཁོང་གིས་དུས་རྒྱུན་དུ་སློབ་སྦྱོང་ཐད་དཀའ་ཁག་ཡོད་པའི་སློབ་གྲོགས་ལ་རོགས་རམ་བྱས་ནས“དགེ་རྒན་ཆུང་ཆུང”ཞིག་བྱས་ཏེ་ཁོང་ཚོའི་དོགས་གནད་སེལ་གྱི་ཡོད།
ལི་ཆིང་ལན་ནི་སྤྱི་ཕན་ལ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པས་གཅེས་སེམས་ཞལ་འདེབས་ནང་ཞུགས་པ་མ་ཟད་གཅེས་སེམས་བསྐུར་མ་ཡང་བསྐུར་མྱོང་ཡོད། ཁོང་གིས་བརྩེ་སེམས་མཁོ་བའི་མི་དེ་བས་མང་པོར་གཅེས་སེམས་བརྒྱུད་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “མི་གཞན་ལ་རོགས་རམ་དང་རྒན་རྒོན་ལ་བསྙེན་བཀུར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས། དེ་ཡང་ངའི་ཚེ་གང་གི་དོན་གཉེར་བྱེད་སར་བརྩི་གི་ཡིན”ཞེས་ལི་ཆིང་ལན་གྱིས་བཤད།
འདི་ནི་ལི་ཆིང་ལན་སྟེ། ཤེས་བྱའི་གནས་ལ་བརྩོན་པ་ཆེ་ཞིང་། ཕམ་ཁར་མི་སྐྲག་པ། ཤེས་བྱ་ཕུན་སུམ་ཚོགས་པ། རང་ཉིད་ལ་འགྲན་སློང་བྱེད་ཕོད་པ་བཅས་ཀྱི་གཞོན་ནུ་བཟང་པོ་ཞིག་ཡིན་པ་དང་། ཁོང་ནི་དྲིན་ཚོར་དང་། ཕུགས་བསམ་ཆེན་པོ་ལྡན་པ། སྡུག་རུས་དང་ཞུམ་མེད་ཀྱི་སྙིང་རུས་ཡོད་མཁན་ཞིག་རེད།