ཟླ་9ཚེས་11ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི“སེ་འབྲུའི་མེ་ཏོག་བཞད། གོང་བུ་གཅིག་ཏུ་སྒྲིལ”ཞེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་དང་། ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཏུའུ་ཅན་ཀུང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
“སེ་འབྲུའི་མེ་ཏོག་བཞད། གོང་བུ་གཅིག་ཏུ་སྒྲིལ”ཞེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་པར་རིས་འགྲེམས་སྟོན་ནི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་གྱི་ཀུན་སེམས་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་། འགྲེམས་སྟོན་དེ“སེམས་པ་གཅིག་ཏུ་སྦྲེལ། ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པ་དང་། “སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་ལ་བརྟེན་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད” “མི་རིགས་མཐུན་སྒྲིལ་མཚོན་པའི་སེ་འབྲུའི་མེ་ཏོག་བཞད” “སེ་འབྲུའི་མེ་ཏོག་བཞད། སེ་འབྲུའི་འབྲས་བུ་བཏགས”བཅས་ཆ་ཤས་བཞི་ལས་གྲུབ་པ་དང་། འགྲེམས་ཡུན་ཉིན་15ཡིན་པ་རེད། འགྲེམས་རྫས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་པ་བཅས་ཡོད་ཅིང་། གསོན་ཉམས་དོད་པའི་སྒོ་ནས་ཏང་གི་འགོ་ཁྲིད་འོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མཚོན་ཡོད་པ་རེད།