འཛམ་བུ་གླིང་འདིའི་སྟེང་དུ་འཚོ་གནས་བྱེད་པའི་སྐྱེ་འགྲོ་ཀུན་ལ་རང་ཉིད་ཆུང་དུས་སྐྱེ་སའི་གནས་དང་། ལྟེ་ཁྲག་འཕོ་སའི་ཡུལ་ཞིག་ཡོད་ངེས་ལགས། བདག་གི་ཕ་ཡུལ་ནི་ཕྱོགས་བཞི་གངས་རིའི་ར་བའི་མུ་ཁྱུད་ཀྱིས་བསྐོར་བའི་བོད་ལྗོངས་ཤར་ལྷོའི་ཕྱོགས་སུ་གནས་པའི་ལུང་ཆུང་ཞིག་ན་ཡོད།
ཡུལ་ལུང་དེར་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་ལ་འགྲན་ཞིང་། ཡུལ་གཞན་དང་མི་འདྲ་བར་རྩྭ་ཐང་རྒྱ་ཤིན་ཏུ་ཡངས་པ་དང་མུ་མཐའ་མེད་པ་ཤ་སྟག་ཡིན། ས་བབ་མཐོ་ཞིང་གྲང་ངར་ཡང་ཧ་ཅང་ཆེ། ཡིན་ནའང་གནས་དེར་འཚོ་བའི་མི་དམངས་ནི་གྲང་ངར་ལ་མི་སྐྲག་པའི་ས་མཐོའི་གྲུ་གཟིངས་ཀྱི་རྗེས་སུ་འགྲོ་ཞིང་། དགུན་དུས་ཁ་བ་བུ་ཡུག་ལ་མི་ཞེད་ཅིང་། དབྱར་ཁར་ཆར་ཞོད་ལ་མི་སྐྲག་པའི་འབྲོང་རྒོད་ཀྱི་རང་གཤིས་ མངའ་བ་ཤ་སྟག་ལགས།
བདག་གི་ཕ་ཡུལ་ལ་རི་དྭགས་ཀྱི་རིགས་ཀྱང་མང་སྟེ། ཤྭ་བ་དང་དགོ་བ། གནའ་བ། གླ་བ་སོགས་གྲངས་ཀྱིས་མི་ལང་བ་མ་ཟད། དེ་དག་ཁྱུ་དང་ཁྱུ་བསྒྲིགས་ཏེ་འཚེ་བ་ཅི་ཡང་མེད་པར་ཡུལ་ལུང་གང་སར་ཉུལ། སྨན་རྫས་སྣ་ཚོགས་ཀྱང་གཏེར་གྱི་བུམ་པ་ལས་བླངས་པ་བཞིན་ཡུལ་གྲུ་ཡོངས་སུ་ཁྱབ་ཡོད་དེ། སྙན་གྲགས་ཡུལ་ལུང་ཀུན་ལ་ཁྱབ་པའི་དབྱར་རྩྭ་དགུན་འབུ་སོགས་སྐྱེ་འགྲོའི་ལུས་ལ་ཕན་པའི་སྨན་མཆོག་རྣམས་འཛམ་གླིང་ཁྲོད་གྲངས་ཆེས་མང་བ་སྐྱེ་སའི་ཡུལ་ཞིག་ཀྱང་ཡིན། མི་རྣམས་ཀྱིས་གནའ་སྔ་མོ་ནས་རང་རེའི་ཡུལ་འདིར་སཱ་ལའི་སྨན་ལྗོངས་ཞེས་འབོད་སྲོལ་ཡོད་ལ། རི་དྭགས་མང་དག་ས་འདི་ན་མ་གཏོགས་ཡུལ་གྲུ་གཞན་ན་མཐོང་དཀོན།
བདག་གི་ཕ་ཡུལ་གྱི་རྣམ་པ་ཅི་འདྲིའི་མཛེས་པ་ལ་ཨང་། རྟ་ནོར་ལུག་གསུམ་གཙོས་པའི་སྲོག་ཆགས་དང་། གངས་རི་དང་ཆུ་ཕྲན་འཁྱགས་རོམ་གྱིས་གཙོས་པའི་ཡུལ་ལྗོངས་དེ་དག་གིས་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་མང་པོའི་ཡིད་ཀྱི་འདུན་པ་དབང་མེད་དུ་འཕྲོག་པར་བྱེད་ཀྱི་ཡོད།
དེས་ན། ཁྱེད་ཉིད་ཀྱང་ཁོམ་པ་རེ་བྱུང་ཚེ་བདག་གི་ཕ་ཡུལ་དུ་ཡུལ་སྐོར་ལ་ཕེབས་དང་། སྔ་ན་མེད་པའི་ལྟད་མོ་ཞིག་གིས་ཁྱེད་ཀྱི་སེམས་ཁ་ཡོངས་སུ་འགེངས་ངེས་ཡིན་ནོ། །
ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༨)
ཟུར་ཁྲིད་དགེ་རྒན། རྒྱ་ལོད།