西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཡལ་མེད་ཀྱི་བག་ཆགས། ༄༅། །ངས་ཁྱོད་ལ་ཞུ་འདོད་པའི་སྐད་ཆ། ༄༅། །ཡིད་ལ་དྲན་པའི་ཕ་ཡུལ། བདེ་ཐང་མེ་ཏོག་ས་མཐོའི་རྒྱན་དུ་བཞད།

放大 缩小 默认

༄༅། །ངས་ཁྱོད་ལ་ཞུ་འདོད་པའི་སྐད་ཆ།

□ 作者 གཡུ་ཆུང་སྒྲོལ་དཀར།

ལས་དབང་བཟང་པོ་ཞིག་གིས། བྲེལ་འཚུབ་ཆེ་བའི་དམའ་འབྲིང་ལོ་རིམ་གསུམ་པའི་འཚོ་བའི་ཁྲོད་དུ། ང་ལ་གཞན་དང་མི་འདྲ་བའི་ཉལ་ཁང་གི་དོ་དམ་དགེ་རྒན་ཞིག་འཕྲད།

སྔོན་ཆད་ངའི་བསམ་པའི་ནང་དུ། ཉལ་ཁང་དོ་དམ་དགེ་རྒན་ཚང་མ་ནི་ཉིན་ལྟར་མཚམས་མི་ཆད་པར་ང་ཚོར་གཙང་སྦྲ་དང་ཉལ་ཁྲི་ལེགས་སྒྲིག་ཁོ་ནར་འབོད་སྐུལ་གཏོང་རྒྱུ་ལས་མི་ཤེས་པའི“བསམ་མེད”ཅིག་ཏུ་མཐོང་ལ། ཁོ་ཚོའི་སྐད་སྒྲ་ཐོས་པ་ཙམ་གྱིས་མི་ལ་སུན་སྣང་སྐྱེ་རུ་འཇུག་མཁན་ཤ་སྟག་རེད་བསམ་གྱི་ཡོད། དེའི་རྐྱེན་གྱིས་ང་རང་ཉལ་ཁང་དགེ་རྒན་དག་ལ་བག་ཆགས་བཟང་པོ་དེ་ཙམ་མེད། དམའ་འབྲིང་ལོ་རིམ་གསུམ་པར་སླེབས་པ་དང་ད་ལྟའི་ཉལ་ཁང་དགེ་རྒན་དེ་དང་འཕྲད། ཁོང་གིས་ངའི་སྔོན་ཆད་ཀྱི་ཉལ་ཁང་དགེ་རྒན་ལ་འཛིན་པའི་ལྟ་སྟངས་ཡོངས་སུ་གྱུར་སོང་།

ང་ཚོའི་ཉལ་ཁང་དགེ་རྒན་གྱི་མིང་ལ་སྐྱིད་དགའ་ཟེར་གྱི་ཡོད་པ་དང་། ཁོང་ནི་སློབ་གྲྭའི་བུ་མོའི་ཉལ་ཁང་སྟར་པ་གཉིས་པའི་འགན་འཁུར་བ་རྩེ་གྲ་ཞིག་ཡིན། ཁོང་གི་སྐུ་གཟུགས་རིང་པོ་དེ་ཙམ་མེད་ལ། སྒལ་གཞུང་ཡང་ཅུང་ཙམ་ཐུར་དུ་བསྒུར་ཡོད། ནག་ཅིང་སྣུམ་པའི་སྐྲ་ལོ་དེ་ལན་བུ་དུ་མར་བསླས་པ་དང་། གཡས་གཡོན་དུ་གཡུ་བྱུར་གྱི་གཙུག་རྒྱན་སྤྲས་པས། བལྟས་པ་ཙམ་གྱིས་འབྲོག་པའི་བུད་མེད་འཁྲུལ་མེད་ཅིག་ཡིན་པ་ཤེས་ཐུབ། དུས་རྒྱུན་ཁོང་གིས་ཉལ་ཁང་གི་སློབ་མ་རྣམས་ལ་ངག་འཇམ་གྱི་རྣམ་འགྱུར་འཛིན་པ་དང་། ང་ཚོར་ཆམས་ནད་ཕོག་པ་སོགས་ཀྱི་གནས་ཚུལ་འཕྲད་དུས་ཤ་ཚའི་སེམས་ཁུར་ཚད་མེད་གནང་། ངང་རྒྱུད་རིང་པོས་ང་ཚོར་ལྟ་རྟོག་གནང་བ་མ་ཟད། འཛིན་བདག་དང་ཁྱིམ་བདག་སོགས་ལ་ཁ་པར་གཏོང་དགོས་དུས་སུན་སྣང་གཏན་ནས་བྱེད་ཀྱི་མེད། ཁོང་གིས་ཉལ་ཁང་དགེ་རྒན་གཞན་ནང་བཞིན་ཉིན་ལྟར་མཚམས་དང་ཚོད་མེད་པར་གཙང་སྦྲ་བྱེད་དུ་མི་འཇུག་པར། བཀོད་སྒྲིག་ལུགས་མཐུན་དང་རེ་བ་འོས་ཤིང་འཚམ་པ་འདོན་གྱི་ཡོད། ཁོང་ནི་བྱམས་བརྩེ་དང་བསམ་ཤེས་ཅན་གྱི་བུད་མེད་ཁོག་རྒྱ་ཅན་ཞིག་ཡིན།

དེ་མིན་ཁོང་ནི་ཧ་ཅང་རླབས་ཆེ་བའི་ཨ་མ་ཞིག་ཀྱང་ཡིན་ཏེ། ངས་ཁོ་མོར་དོན་དངོས་ཕྲུ་གུ་ག་ཚོད་ཡོད་པ་མི་ཤེས་ན་ཡང་། རྒྱུན་དུ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་རང་གི་གྲིབ་མ་བཞིན་བློ་ལ་འཁྲིད་པའི་རྣམ་པ་ཡང་ཡང་མཐོང་མྱོང་། ཕྲུ་གུ་རྒན་པ་བུ་མོ་དེ་ནི་རྫོང་སློབ་ཆུང་དང་པོའི་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད་འདུག་ལ། ཕྲུ་གུ་བུ་དེ་ད་ལྟ་ཧ་ལམ་གོམ་པ་དེ་ཙམ་སྤོ་མི་ཐུབ་པའི་བྱིས་པ་ཞིག་ཡིན་པ་འདྲ། ནམ་རྒྱུན་ཉལ་ཁང་དགེ་རྒན་གྱིས་ཕྲུ་གུ་དེ་སྒལ་པར་ཁུར་མེད་ན་འཁོར་སླེའི་ནང་དུ་འབུད་དེ་འགྲོ་གི་འདུག ང་ལ་མཚོན་ན་ཕྲུ་གུ་བུ་དེ་བག་ཆགས་ཟབ་ཤོས་ཡིན་ལ། ཁོའི་ངོ་གདོང་ནག་ཙམ་ཡོད་ལ་ཤ་ཡང་ཅུང་ཟད་རྒྱགས་ཙམ་ཡོད། སྐབས་འགར་ཕྲུ་གུ་བུ་དེ་གཉིད་སྔ་པོ་སད་པས་ཡིན་ནམ་ཉལ་ཁང་དགེ་རྒན་གྱིས་དགུན་དུས་ཀྱི་གྲང་རེག་ལ་མ་འཛེམ་པར་ལྷིང་འཇགས་ཀྱི་བར་ཁྱམས་བརྒྱུད་དེ་སློབ་མ་རེ་རེ་བཞིན་གཉིད་ལས་དཀྲོགས་སྐབས། ཕྲུ་གུ་རྒྱགས་པ་དེ་ཁུར་ནས་མ་སྨད་གཉིས་ཆ་འགྲོ་ཆ་སྡོད་ཚུལ་དུ་ཡོད། ཨེ་མ། ཁོང་ནི་ངོ་མ་རླབས་ཆེན་གྱི་བུད་མེད་ཅིག་སྟེ། ཁོང་གིས་རང་ཉིད་ཀྱི་ཤ་ཁྲག་ལས་མཆེད་པའི་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུའི་ངལ་བ་ཁྱད་དུ་གསོད་པའི་ཞོར་ལ། ཤ་ཁྲག་གི་འབྲེལ་བ་སྤུ་ཙམ་མེད་པའི་ང་ཚོར་ཡང་བྱམས་དང་བརྩེ་བས་སྐྱོང་བར་བྱེད། ང་ཚོས་སེམས་གཏིང་ནས་ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུ་འོས་སོ། །

ཤ་ཚ་ཞིང་སྙིང་ཉེ་བའི་དགེ་རྒན་སྐྱིད་དགའ་ལགས། ངའི་དམའ་འབྲིང་གི་འཚོ་བའི་ནང་དུ། ཞི་འཇམ་དང་བློ་བརྟན་འགྱུར་མེད་ཀྱི་ཁྱེད་དང་འཕྲད་པ་ནི་ལས་དབང་བཟང་པོ་ཞིག་ཡིན་ལ། ཁྱེད་རང་དང་ཁྱེད་རང་གི་བུ་རྒྱུད་རྣམ་པ་དུས་དང་རྣམ་པ་ཀུན་ཏུ“སྐྱིད་དགའ”ཞེས་པའི་མཚན་བཟང་དེ་དང་འདྲ་བར། སྐྱིད་སྐྱིད་དགའ་དགའ་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༨)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明