ང་རང་མཐོ་འབྲིང་གི་རྒྱལ་སྒོ་འཛུལ་ནས་ད་བར་ཟླ་བ་གཅིག་ཙམ་འགྲོ་གི་འདུག ཉིན་དེ་དག་ནང་ངས་ནུས་ཤུགས་ཡོད་རྒུས་མཐོ་འབྲིང་གི་འཚོ་བ་ལ་འདྲིས་པར་བྱེད་ཀྱི་ཡོད། འཛིན་གྲྭའི་ནང་ཐོག་མར་སླེབས་དུས་ངོ་ཤེས་པ་གཅིག་ཀྱང་མེད་པས། ང་རང་གཅིག་པུར་ལུས་ཀྱི་འདུག དེའི་སྐབས་སུ་དམའ་འབྲིང་གི་འཚོ་བ་དྲན་གྱི་འདུག ང་རང་དམའ་འབྲིང་འགྲིམ་དུས། ངས་རྟག་ཏུ་ང་རང་གི་མ་ཡུམ་སློབ་གྲྭ་ལ་སྨད་ར་གཏོང་གི་ཡོད། མཐོ་འབྲིང་ལ་སླེབས་དུས་ཡང་དམའ་འབྲིང་གི་སློབ་གྲོགས་དང་སློབ་གྲྭ་དྲན་གྱི་འདུག
དམའ་འབྲིང་ལོ་གསུམ་ནང་ང་ལ་བག་ཆགས་ཆེ་ཤོས་ནི་ལོ་རིམ་བརྒྱད་པའི་སྐབས་སུ་བྱུང་བའི་དོན་དག་གཅིག་ཡིན། གཟའ་འཁོར་གཅིག་གི་གཟའ་མཇུག་ལ། ང་ཚོའི་འཛིན་བདག་གིས་ང་ཚོ་ཕྱི་ལ་གླིང་ཁ་གཏོང་བར་འགྲོ་བའི་ཁས་ལེན་གནང་། གཟའ་སྤེན་པའི་ཞོགས་པར་ང་ཚོ་སྔ་པོ་ནས་ལངས་ཏེ་འཛིན་གྲྭའི་ནང་འཛོམས་ནས་འཛིན་བདག་སྒུག་བསྡད་པ་ཡིན། དེའི་སྐབས་སུ་སློབ་མ་ཚང་མ་དགའ་སྤྲོས་ཁེངས་འདུག ལ་ལས་དཔེ་ཁུག་ནང་དུ་བཟའ་ཆས་གང་ཁྱེར་ཡོད་པ་དང་ལ་ལ་ཕན་ཚུན་གཏམ་གླེང་བྱས་ནས་བསྡད། ལ་ལས་ཁྲུས་ཆས་དང་ལ་ལས་གྱོན་གོས་བཀྲུ་རྒྱུ་ཡང་ཁྱེར་འདུག ཡུད་ཙམ་སོང་རྗེས་གློ་བུར་དུ་འཛིན་དཔོན་སྒོ་འགྲམ་དུ་ཡོང་ནས་སྤྲོ་སྣང་ཆེན་པོས་འཛིན་བདག་གིས་སློབ་གྲྭའི་སྒོ་འགྲམ་དུ་ཤོག་གསུང་གི་འདུག་ཟེར། ང་ཚོ་དགའ་ཐག་ཆོད་ནས་སློབ་གྲྭའི་སྒོ་འགྲམ་ལ་རྒྱུགས་པ་ཡིན། ང་ཚོའི་འཛིན་བདག་ཀྱང་ང་ཚོ་བསྒུགས་ནས་བསྡད་འདུག ཁོང་གིས་སྔོན་ལ་མོ་ཊ་བཏང་ནས་གླིང་ཁ་ཡག་ཤོས་ཤིག་བདམས་ཡོང་། ཁྱེད་ཚོ་མཇུག་ཏུ་རུ་བསྒྲིགས་ནས་ཤོག ཟེར། ང་ཚོས་གྲལ་ཡག་པོ་བསྒྲིགས་ཏེ་སློབ་གྲྭའི་རྒྱལ་སྒོ་ནས་ཐོན་པ་ཡིན། ཆུ་ཚོད་གཅིག་ཙམ་རྗེས་གཞི་ནས་གླིང་ཁ་གཏོང་ཡུལ་དུ་སླེབས་པ་ལ་བལྟས་ན་ལམ་ཐག་ཧ་ཅང་རིང་། འོན་ཀྱང་ང་དང་ངའི་གྲོགས་པོ་དགའ་སྤྲོའི་ངང་སྐད་ཆ་བཤད་ཀྱིན་ཕྱིན་པས་སྐྱིད་པོ་བྱུང་། འཛིན་བདག་གིས་གླིང་ཁ་ཡག་པོ་ཞིག་བཙལ་ཚར་འདུག འཛིན་བདག་གིས་མོ་ཊའི་ནང་ནས་ཧ་ཡང་དང་ཧུའུ་བཏོན། ང་ཚོས་འགྲམ་གྱི་རྒྱུག་ཆུའི་ནང་ནས་ཆུ་བཅུས་ཏེ་ཧ་ཡང་ནང་བླུགས། འཛིན་བདག་གིས་མེ་སྦར་ནས་ཇ་བསྐོལ་སོང་། གླིང་ཁ་རྒྱ་ཆེན་པོ་ཟང་ཟིང་དེ་འདྲ་མིན་པར་ཆུང་ཆུང་ཤིན་ཏུ་སྐྱིད་པོ་ཞིག་འདུག གླིང་ཁའི་ཉེ་འགྲམ་དུ་བོད་ལྕང་གྲལ་སྟར་བསྒྲིགས་ནས་སྐྱེས་ཡོད་པ་དང་། བོད་ལྕང་གི་འོག་ལ་སྤང་རྩྭ་མང་པོ་སྐྱེས་པའི་ཁྲོད་དུ་མེ་ཏོག་ཁྲ་ཆེམ་ཆེམ་བཞད་འདུག ལྕང་མའི་འཁྲིས་ཀྱི་རྒྱུག་ཆུ་ནི་དྭངས་ཤིང་བསིལ། དེ་ནས་མདུན་དུ་སོང་བ་ན་རི་བོ་ཆུང་ངུ་ཞིག་ཡོད་པའི་སྟེང་དུའང་ལྕང་མ་མང་པོ་ཡོད་པ་མ་ཟད་རླུང་དར་མང་པོ་བཙུགས་འདུག ཇ་བསྐོལ་ཞོར་དུ་ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྣམས་ཁ་འཐོར་དགུ་འཐོར་དུ་གྱུར་སོང་། ལ་ལས་སྤང་ཁའི་སྟེང་ལ་སྤོ་ལོ་བརྒྱབ་ནས་བསྡད། འགའ་ཤས་ཐག་མཆོངས་རྩེད། ཁ་ཤས་ཀྱིས་གྱོན་གོས་བཀྲུ་བ་དང་། ལ་ལ་ལྕང་མའི་འོག་ལ་ཉལ་ནས་བསྡད། ཡང་ལ་ལ་ནི་ཆུ་རྩེད་བརྩེས་ནས་བསྡད། ང་དང་གྲོགས་པོ་ལྔ་པོ་ཆུའི་ཕར་ཕྱོགས་དང་ཚུར་ཕྱོགས་སུ་རེས་མོས་བྱས་ཏེ་ཐག་པ་འཐེན་ནས་སུ་ཆུའི་ནང་དུ་དྲུད་ཐུབ་མིན་བསྡུར་བ་ཡིན། མཐར་ང་ཚོ་ཚང་མ་ཆུའི་ནང་དུ་དྲུད་སོང་། ཡུད་ཙམ་སོང་རྗེས་འཛིན་དཔོན་གྱིས་ཇ་མངར་མོ་བཟོས་ཚར་སོང་ཟེར་བས། སློབ་མ་ཆ་ཚང་ཇ་བཏུང་བར་ཕྱིན། ང་ཚོས་ཇ་འཐུང་གིན་ཉིན་དགུང་གི་དགུང་ཟས་ཀྱང་བཟས་པ་ཡིན། དེ་རྗེས་ང་ཚོ་རྩེད་མོ་ཡུན་རིང་བརྩེས་རྗེས་ཕྱི་དྲོའི་ཆུ་ཚོད་ལྔ་པའི་གཡས་གཡོན་ལ་སློབ་གྲྭར་ལོག་པ་ཡིན། ཨེ་མ། སྐབས་དེ་དུས་དེ་འདྲའི་བདེ་སྐྱིད་ལྡན་པ་ལ་ཨང་། ཉིན་དེ་ནི་ངས་མི་ཚེ་གཅིག་རིང་བརྗེད་མི་སྲིད།
མ་གཞི་ད་བར་དུ་ལོ་གཉིས་འགྲོ་གྲབས་བྱས་ཀྱང་ཉིན་དེར་ལྷག་པའི་སྤྲོ་སྣང་ལྡན་པའི་བྱ་བ་དེ་དག་ད་དུང་ངའི་སེམས་ནང་གསལ་ལེར་འཆར་གྱི་འདུག ཉིན་དེ་ནི་ངའི་སློབ་འབྲིང་འཚོ་བའི་ནང་གི་གྲིབ་གཟུགས་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཡལ་མེད་ཀྱི་བག་ཆགས་དེ་ངའི་མི་ཚེའི་ནང་དུ་གཏན་ནས་བརྗེད་མི་སྲིད། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༦)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


