西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དཀའ་སྡུག་གི་ཆུ་མོ་རུ་སྙིང་རུས་ཀྱི་གྲུ་ཆུང་གཏོང་། ༄༅། །ཡལ་མེད་ཀྱི་བག་ཆགས། ༄༅། །གྲོགས་མོ་ལགས།

放大 缩小 默认

༄༅། །དཀའ་སྡུག་གི་ཆུ་མོ་རུ་སྙིང་རུས་ཀྱི་གྲུ་ཆུང་གཏོང་།

□ 作者 ཡེ་ཤེས་ཆོས་སྒྲོན།

གལ་སྲིད་དཀའ་སྡུག་ནི་ཆུ་མོ་ཞིག་ཡིན་ན། ང་ཚོ་ནི་སྐྱ་བ་ལག་ཏུ་དམ་པོར་བཟུང་ནས་སྙིང་རུས་ཀྱི་གྲུ་གཟིངས་མདུན་དུ་སྒུལ་ཏེ་མཐའ་ཡས་ཀྱི་རྒྱ་མཚོར་འཇུག་པའི་གྲུ་པ་ཞིག་ཡིན་ལ། ཆུ་བོའི་འགལ་རྐྱེན་ཇི་ལྟར་ཆེ་རུང་ང་ཚོས་སྙིང་རུས་ཀྱི་གྲུ་ཆུང་གཡོ་བ་སྤུ་ཙམ་མེད་པར་རིན་ཆེན་འབྱུང་གནས་ཀྱི་ཕྱོགས་སུ་འདྲེན་མཁན་གྱི་རླབས་ཆེན་གྲུ་པ་ཞིག་ཀྱང་ཡིན།

ངའི་དྲན་ཤེས་ཀྱི་རླབས་རིས་ངོས་ལ་ལྷམ་མེར་བཀྲ་བ་ནི། ཟླ་ལྔ་པའི་ཚེས་བཞི་ཡི་ལུས་རྩལ་འགྲན་ཚོགས་སྐབས་སུ། རྒྱུགས་རྩལ་འགྲན་པའི་ལུས་རྩལ་པ་བུ་མོ་ཞིག་གིས་ཤན་འབྱེད་པའི“རྒྱུགས”ཞེས་པའི་སྒྲ་ཐོས་མ་ཐག མོས་ཚམ་ཚོམ་སྤུ་ཙམ་མེད་པར་སེང་གེས་རི་དྭགས་ལ་རྔམ་པ་བཞིན་མདུན་ཕྱོགས་སུ་རྒྱུགས། འོན་ཀྱང་མོ་རང་ཆེས་མཐའ་མཇུག་གི་མཚམས་ཐིག་བརྒལ་བར་སྨི་རེ་གཉིས་ལས་མེད་པའི་དུས་དེར། མོ་རང་བར་ཆད་བྱུང་ནས་བརྡབས་སོང་། དེའི་དུས་སུ་མོ་ནི་ངས་ད་གིན་མཐོང་བའི་རི་དྭགས་དེད་མཁན་གྱི་སེང་གེ་རྩལ་ཆེན་དེ་མ་ཡིན་པར། 《མཆིལ་པ་ཆུང་ཆུང》ཞེས་པའི་སློབ་ཚན་ནང་གི་ཞི་མིས་ཐང་ལ་མནན་པའི་མཆིལ་པ་ཆུང་ཆུང་དེའི་རྣམ་པ་མིག་ལམ་དུ་གསལ་ལེར་ཤར། ང་རང་རྣམ་པ་དེར་སེམས་གཡེང་ནས་སྡོད་སྐབས། གློ་བུར་དུ་མུན་ནག་དོང་ཁུང་དུ་ཡར་འདྲེན་གྱི་ལག་པ་བསྲིངས་པའི་སྐད་སྒྲ་ཞིག་ཐོས་བྱུང་སྟེ། མོའི་འཛིན་གྲྭ་གཅིག་པའི་སློབ་མ་དང་ཉེ་འཁོར་གྱི་སློབ་གྲོགས་ཡོངས་ཀྱིས“ཤུགས་རྒྱོབས། ཤུགས་རྒྱོབས”ཞེས་པའི་འབོད་སྒྲས་བར་སྣང་ཡོངས་རྫོགས་ཁྱབ། ངས་ཀྱང་རང་སེམས་ནང་ལ་བཀུག་ནས་ཁོང་ཚོ་ལྷན་དུ་བུ་མོ་དེ་མཐའ་མཇུག་གི་མཚམས་ཐིག་དེ་ལས་སྒྲོལ་ཐུབ་པའི་རེ་འབོད་ཡང་ཡང་ཞུས། ཚང་མའི་རེ་སྒུག་གི་མིག་ཟུང་ཁྲོད་དུ་བུ་མོ་དེས་རྨས་སྐྱོན་ཕོག་པའི་པུས་མོ་གཉིས་ག་ལེར་སར་བཙུགས་ནས་གོག་མ་བགྲོད་ཀྱིས་མཚམས་ཐིག་ལས་བརྒལ་ཐུབ་ཙམ་བྱུང་། མོ་ངུ་གིན་དུ་སྐོར་ལམ་ནང་རོལ་གྱི་དགེ་རྒན་རྣམ་པའི་ཕྱོགས་སུ་རྒྱུགས། སྐབས་དེར་ང་མོ་ལ་སྙིང་རྗེ་སྐྱེས་ནས་གདུང་སེམས་མཉམ་སྐྱེད་བྱུང་བའམ། ཡང་ན་མོ་རང་རྒྱལ་ཁ་ཐོབ་པར་དགའ་བ་འབུམ་གྱིས་ཉོས་པས་ཡིན་ཅི་ཆ་སྟེ། རང་དབང་མེད་པར་གདོང་ཐོག་ནས་མིག་ཆུ་འགྲིལ་བྱུང་། ངས་ཚུལ་དེ་མི་གཞན་གྱིས་མཐོང་དོགས་ཀྱིས་སློབ་ཞྭ་དཔྲལ་བ་ནས་གསེག་ལ་བཀབ་སྟེ་ལྐོག་ཏུ་མིག་ཆུ་ཕྱིས་པ་ཡིན། དོན་དག་དེ་བརྒྱུད་ང་རང་སེམས་འགུལ་ཚད་མེད་ཐེབས་པ་དང་། བུ་མོ་དེ་ནི་སྙིང་རུས་ཅན་གྱི་དཔའ་མོ་ཞིག་ཡིན་པའི་ངེས་ཤེས་རྙེད།

སྤྱི་ལོ2025ལོའི་ཟླ1པོའི་ཚེས7ཉིན། བོད་ལྗོངས་གཞིས་ཀ་རྩེ་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་པ་མ་ཟད། ལེ་དབར་མང་པོའི་བར་གྱི་ས་ཆའི་མི་ཟོག་གཉིས་ཀར་གནོད་འཚེ་ཚབས་ཆེན་བཟོས་ནས་ཐམས་ཅད་མྱ་ངན་གྱི་གཡང་ལ་བསྐྱུར། ངས་ཁྱུག་དབྱིངས་ནང་གི་བརྙན་ཐུང་བརྒྱུད་དེ་ལ་ལ་ཕ་མ་འདས་ཤིང་། འགའ་རེ་བུ་རྒྱུད་གྲོངས་པ་དང་། ཐོག་བརྩེགས་ཅན་གྱི་ཁང་པ་རྣམས་དམག་ས་བཞིན་ཐལ་རྡུལ་འཚུབ་བེར་ཐང་ལ་འགྱེལ་བ་སོགས་ཀྱི་ཡ་ང་བའི་གདུང་བས་ཁེངས། འོན་ཀྱང་ཁོ་ཚོས་སྡུག་བསྔལ་མཐའ་དག་ཁོག་ཏུ་མིད་པ་ལས་རེ་ཐག་ཆད་དེ་རང་སྲོག་དོར་བའམ། སྡུག་བསྲན་མ་ཚུགས་པར་ལྐུགས་རྟགས་ཀྱི་བྱ་བར་འཇུག་མཁན་གཅིག་ཀྱང་མེད། ལྡོག་སྟེ་ཚང་མའི་སེམས་ལ་སྙིང་རུས་བསྐྱེད་ཅིང་མིག་མདུན་གྱི་དཀའ་སྡུག་ཡོད་ཚད་ལ་གདོང་གཏད་དེ། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་འབྲི་བཞིན་མཆིས།

ད་ལྟ་ང་ཚོ་ཡང་དཀའ་སྡུག་གི་ཆུ་བོ་བརྒལ་མཁན་གྱིས་གྲུ་པ་ཞིག་ཡིན་པས། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པར་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ཐོག་ཏུ་ཕྱིར་བཤོལ་མེད་པར་མདུན་བསྐྱོད་བྱེད་འོས། ང་ཚོར་སྔ་ལངས་འཕྱི་ཉལ་བྱེད་པའི་དཀའ་ཚེགས་ཡོད་ལ། ཕ་མ་རྒྱུན་དུ་མི་འཕྲད་པའི་དྲན་གདུང་ཡོད་ལ། གྲོགས་དང་ཁ་རྩོད་ཤོར་བའི་འགྱོད་གདུང་ཡང་ཡོད། འོན་ཀྱང་དཀའ་ཁག་དེ་དག་ལས་རྣམ་པར་རྒྱལ་བ་བྱེད་ཐུབ་ཚེ། མཐའ་མའི་མཇུག་འབྲས་ནི་སྦྲང་རྩི་ལས་མངར་བ་ཞིག་ཡོང་ངེས། དེར་བརྟེན། ང་ཚོ་མཉམ་དུ་འབད་བརྩོན་བྱེད་འོས་ཤིང་། སེམས་ཤུགས་ཉམས་པའི་གནས་སྐབས་སུ་རང་གིས་རང་ལ“ཤུགས་རྒྱོབས”ཞེས་ནན་སྐུལ་བྱེད་རྒྱུ་བློ་ལ་བརྟན་པོར་འཆང་དགོས།

ང་ཚོ་ནི་ཤེས་བྱའི་མེ་ཏོག་གི་དྲི་ཞིམ་འཐུལ་བའི་སློབ་རའི་ནང་ལ། སྦྱངས་འབྲས་ཀྱི་སྦྲང་རྩི་འཐུ་བའི་རྐང་དྲུག་གཞོན་ནུ་ཞིག་བྱེད་དགོས་པ་མ་ཟད། རོ་བཅུད་ལྡན་པའི་སྦྲང་རྩི་འཇིབས་ཏེ་མཛེས་སྡུག་ལྡན་པའི་རྒྱང་རིང་ལ་ནམ་འཕང་གཅོད་པའི་འཕུར་རྩལ་རྒྱས་ཐུབ་པ་ཞིག་ཀྱང་དགོས་ངེས་ལགས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明