西藏青年报藏文版ཕྱོགས་བསྡུས། 2026ལོའི་“ལང་ཚོ་གཏོད་པ”ཅེས་པའི་ལྷ་སའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་དངོས་སུ་སྤེལ་འགོ་ཚུགས་པ། བོད་ལྗོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་དང་ལེན་བྱེད་ཚད་ལོ་ལྔའི་ནང་ལྡབ་11ཙམ་འཕར་བ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོར་བདེ་འཇགས་ལས་དོན་སྤེལ་བ།

放大 缩小 默认

བོད་ལྗོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་དང་ལེན་བྱེད་ཚད་ལོ་ལྔའི་ནང་ལྡབ་11ཙམ་འཕར་བ།

ཉེ་ཆར། བོད་ལྗོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་འདྲི་གཅོད་ཀྱི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། 2021ལོ་ནས་2025ལོ་བར་ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་དང་འབྲེལ་བ་ཡོད་པའི་དམངས་དོན་དང་ཉེས་དོན་གྱོད་གཞི་ཁྱོན་1595བདག་སྤྲོད་བྱས་པ་དེ་ལོ་གོང་མ་ལས་1099.25%འཕར་བ་དང་གྱོད་གཞི་བདག་སྤྲོད་བྱེད་ཚད་ལྡབ་11ཙམ་འཕར་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་བདག་སྤྲོད་བྱེད་ཚད་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཁྲིམས་དཔོན་གཞོན་པ། རིམ་པ་དང་པོའི་མཐོ་རིམ་ཁྲིམས་དཔོན་བཅས་ཡིན་པའི་བསོད་ནམས་སྐྱིད་ཀྱིས་བོད་ཀྱི་ཤེས་བྱའི་བདག་དབང་འདྲི་གཅོད་དེ་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཚན་རྩལ་མཐོ་བའི་ཁེ་བེད་བདག་ཐོབ་དང་རྩེར་སོན་ཚོང་ལས་གསང་བའི་རྩོད་གཞི་གཙོ་བོར་བྱེད་པ་དང་མི་འདྲ་བར་རང་ངོས་ཀྱི་ཁྱད་ཆོས་ལྡན་ལ་འགྲན་སློང་ཅུང་ཆེན་པོ་ཡོད་པ་སྟེ། བོད་ལ་འཕྲད་པའི་རྩོད་གཞི་དེ་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་དང་། ས་ཁམས་མཚོན་རྟགས། དམངས་ཁྲོད་རིག་རྩལ་སོགས་སྲོལ་རྒྱུན་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། དཔེར་ན“ནག་ཆུའི་དབྱར་རྩྭ་དགུན་འབུ”དང“གུར་གུམ་”གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་བྱེད་པའམ་ཡང་ན་སྲོལ་རྒྱུན་གྱི་བོད་སྨན་ཁག་གཅིག་གི་སྡེབ་སྦྱོར་ཚོང་ལས་ཀྱི་གསང་བའི་རྩོད་གཞི་ལྟ་བུ་རེད། འགྲན་སློང་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་མ་ལག་དེ་གཙོ་བོ་དེང་རབས་བཟོ་ལས་དང་ཚོང་ལས་ཤེས་དཔལ་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་དང་བོད་ཀྱི་སྲོལ་རྒྱུན་ཤེས་བྱ་མང་པོ་ཞིག་ལ་མཉམ་སྡེབ་རང་བཞིན་དང་། རྒྱུན་འཛིན་རང་བཞིན། ས་ཁོངས་རང་བཞིན་བཅས་ལྡན་ཡོད་པས་དེང་རབས་ཀྱི་ཁེ་བེད་བདག་ཐོབ་བཅའ་ཁྲིམས་སམ་ཡང་ན་རྩོམ་གྱི་བདག་དབང་བཅའ་ཁྲིམས་ནང་གི“དཔེ་གསར་རང་བཞིན”དང“ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན”སྐོར་གྱི་ཚད་གཞི་“ད་ཡོད་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ཁྲོད་ཇི་ལྟར་བྱས་ནས་སྲོལ་རྒྱུན་ཐོན་ཁུངས་དེ་དག་གི་ཁེ་དབང་དབྱེ་མཚམས་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཏེ་བསམ་ངན་བཅངས་ནས་ཐོ་འགོད་དང་རྐུ་སྤྱོད་སྔོན་འགོག་བྱེད་པ་མ་ཟད། ཁྲིམས་མཐུན་ངང་གཞན་སྒྱུར་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ང་ཚོར་ཉིན་ལྟར་འཕྲད་པའི་ཁྲིམས་ལུགས་ཀྱི་ཚོད་བགམ་ཞིག་ཡིན་པས་ཤེས་བྱའི་བདག་དབང་གི‘སྒེར་གྱི་དབང་ཆ’དང་སྤྱི་པའི་ཁེ་ཕན་དོ་སྙོམས་ཇི་ལྟར་བྱ་རྒྱུའི་གནད་དོན་ལ་བསམ་གཞིག་ཡག་པོ་བྱེད་དགོས་ཀྱི་ཡོད”ཅེས་ཁོང་གིས་གསུངས་ཡོད།

དེའི་ཐད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《2021ལོ་ནས་2025ལོ་བར་གྱི་བོད་ལྗོངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་སྙན་ཞུ》དང《བོད་ལྗོངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ》ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་ཁྲིམས་ཁང་གི་ལོ་5རིང་གི་ཤེས་བྱའི་བདག་དབང་གྱོད་གཞིའི་གནས་ཚུལ་དང་། ལས་ཀའི་གྲུབ་འབྲས། དེ་བཞིན་འབྱུང་འགྱུར་གྱི་རྒྱང་ལྟ་བཅས་ངོ་སྤྲོད་བྱས་ཏེ་གོ་བདེ་བ་དང་གོ་སླ་བ། ས་གནས་དང་མཐུན་པའི་ཤེས་བྱའི་བདག་དབང་གྱོད་གཞི་སྤྱད་དེ་མང་ཚོགས་ལ་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་ཁྱབ་གདལ་བཏང་བ་རེད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པའི་ཁྲིམས་སའི་འགོ་འཛིན་ཀྲེང་ལིས་བོད་དུ་ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པ་དེ“མ་གནས་དམའ་བ་དང་ཐོབ་ཆ་མཐོ་བའི”ཉོ་ཚོང་ཞིག་གཏན་ནས་མིན། འབྱུང་འགྱུར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་ལག་ལེན་ཉམས་མྱོང་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་གྱི་དོན་དངོས་གཏན་འཁེལ་ཡང་དག་དང་བཅའ་ཁྲིམས་སྤྱད་འཐུས་གནད་ལ་འཁེལ་བའི་འགན་ལེན་བྱས་ཏེ“བོད་རྟགས་”ཀྱི་ཚན་རྩལ་གྲུབ་འབྲས་དེ་ཤེས་བྱའི་བདག་དབང་གི་ཁྲིམས་སྐྱོང་ལམ་བུའི་ཐོག་བརྟན་པོའི་ངང་རྒྱང་རིང་སྤེལ་ཐུབ་པ་དང་ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འོད་ཟེར་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་འཕྲོ་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明